ཞི་ཅིན་ཕིང་གིས་གསར་དུ་ལེགས་སྒྲིག་བྱས་ནས་བཙུགས་པའི་ཅུན་རིམ་པ་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོར་མཇལ་འཕྲད་གནང་།

        2017-04-24

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ4ཚེས18ཉིན་འབྱོར་བའི་གློག་འཕྲིན། གོང་ཚེས་ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་དུ་ལེགས་སྒྲིག་བྱས་ནས་བཙུགས་པའི་ཅུན་རིམ་པ་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོར་མཇལ་འཕྲད་གནང་བས་མ་ཚད། སྡེ་ཚན་སོ་སོར་བསླབ་སྟོན་བཀའ་རྒྱ་ཁྱབ་བསྒྲགས་གནང་བ་རེད།

ཞིན་ཅིན་ཕིང་གིས་བསླབ་སྟོན་བཀའ་རྒྱ་གནང་སྐབས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་མཛུབ་སྟོན་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་ཏང་གི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དམིགས་ཡུལ་ཁྲིད་སྟོན་དུ་བྱེད་པ་དང་། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་།  བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྒྲིག་བཅས་བྱེད་པ། དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ།  བློ་རྩེ་གཅིག་སྒྲིམ་གྱིས་འབོད་མ་ཐག་འཛོམས་ཐུབ་པ་དང་། འཛོམས་མ་ཐག་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་ཀྱི་དམག་དཔུང་རྩེ་གྲ་ཅན་བསྐྲུན་པ་བཅས་བྱས་ཏེ་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

སྔ་དྲོའི་ཆུ་ཚོད་བཅུ་པར་ཞི་ཅིན་ཕིང་བརྒྱད་གཅིག་ཐོག་བརྩེགས་མཁར་ཆེན་དུ་ཕེབས་ནས་གསར་དུ་ལེགས་སྒྲིག་བྱས་ནས་བཙུགས་པའི་ཅུན་རིམ་པ་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོ་དང་བྱམས་བརྩེའི་ངང་ཕྱག་བཏང་བ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་རྗེས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་ཞུས་ཏེ་གསར་དུ་ལེགས་སྒྲིག་བྱས་ནས་བཙུགས་པའི་ཅུན་རིམ་པའི་སྡེ་ཚན་དང་བཀོད་འདོམས་པ་དང་འཐབ་འཛིང་པ་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

དེའི་རྗེས་ཞི་ཅིན་ཕིང་གི་བསླབ་སྟོན་བཀའ་རྒྱ་ཁྱབ་བསྒྲགས་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུས་དམག་ཡོངས་གསར་དུ་ལེགས་སྒྲིག་བྱས་ཏེ་ཅུན་རིམ་པའི་སྡེ་ཚན84འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། ཞི་ཅིན་ཕིང་གིས་དམག་ཡོངས་གསར་དུ་ལེགས་སྒྲིག་བྱས་ཏེ་ཅུན་རིམ་པའི་སྡེ་ཚན་བཙུགས་པ་ནི་རང་རེའི་དམག་དཔུང་གིས་བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུར་བསྐྱོད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ལ། ཏང་གི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུ་དང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཅན་བསྐྲུན་རྒྱུར་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་གལ་ཆེན་ཡང་ལྡན་པ་རེད། གསར་དུ་ལེགས་སྒྲིག་བྱས་ནས་བཙུགས་པའི་ཅུན་རིམ་པའི་སྡེ་ཚན་པ་ནི་སྒྲིག་གཞི་གསར་པའི་གྲུབ་ཆ་གལ་ཆེན་གྱི་ཆ་ཤས་ཤིག་ཡིན་ཞིང་།  རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ཁྲོད་ཀྱི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཆེན་པོ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་གསར་དུ་ལེགས་སྒྲིག་བྱས་པའི་ཅུན་རིམ་པའི་ཚན་པར་བླང་བྱ་ཁག་བཞི་བཏོན་པ་སྟེ།

གཅིག་ནས་ཏང་གི་བཀའ་ལ་མཐའ་གཅིག་ཏུ་ཉན་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་དཔུང་སྡེ་འཛུགས་སྐྱོང་གི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས།

གཉིས་ནས་དུས་རྟག་ཏུ་དམག་རྒྱག་གྲ་སྒྲིག་བྱས་ཏེ་དམག་འཐབ་དཔུང་སྡེའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། འཐབ་ནུས་ཀྱི་ཚད་གཞི་རྒྱུན་འཁྱོངས། བློ་རྩེ་གཅིག་སྒྲིམ་གྱིས་དམག་དོན་དང་། དམག་འཁྲུག དམག་རྒྱག་བཅས་ལ་ཞིབ་འཇུག དམག་དོན་བྱ་སྤྱོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། དོགས་ཟོན་ཆེན་པོ་བྱ་རྒྱུ་རྒྱུན་འཁྱོངས། དུས་རྟག་ཏུ་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་གིས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབ་དགོས།

གསུམ་ནས་དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་གཞི་གཅིག་ཅན་གྱི་མཉམ་ལས་དམག་འཐབ་ཀྱི་བླང་བྱ་དང་འཚམ་པ་དང་། སྒྲིག་གཞི་གསར་པ་དང་སྒྲིག་གྲུབ་གསར་པ་དང་འཚམ་པ། སྙིང་རུས་ཆེན་པོས་བཅོས་བསྒྱུར། གསར་འབྱེད་གསར་གཏོད། དཔུང་སྡེའི་ལས་དོན་གྱི་ཚན་རྩལ་འདུས་ཚད་མཐོ་རུ་གཏོང་བ། དམག་འཐབ་ཀྱི་སྟོབས་ཤུགས་འཕེལ་རྒྱས། དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན། སྤུས་ལེགས་ཀྱི་དམག་འཐབ་ནུས་པར་ཤུགས་སྣོན། སྤུས་ཚད་ཕན་ནུས་ཅན་དང་ཚན་རྩལ་གཅིག་སྡུད་ཅན་དུ་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྲ་ཞིང་བརྟན་པའི་དམག་འཐབ་མཉམ་སྡེབ་བསྐྲུན་དགོས།

བཞི་ནས་ཉམས་སད་ཐེག་ཐུབ་པའི་དམག་འཐབ་སྤྱོད་ཚུལ་སྐྱེད་སྲིང་བྱས་ཏེ་མི་དམངས་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། གསར་བརྗེའི་དཔའ་བོ་རིང་ལུགས་དང་མཉམ་སྡེབ་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་བློ་སྟོབས་གསོ་སྐྱོང་བྱེད་པ། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དཔུང་སྡེའི་སྤྱོད་ཚུལ་དྭངས་གཙང་ཡོང་བ། བཞི་ལྡན་གྱི་མི་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་། འགྱུར་མེད་བཞི་ཡི་དམག་དཔུང་འཛུགས་སྐྱོང་བཅས་བྱས་ཏེ་མི་དམངས་དམག་དཔུང་ལ་གཟི་བརྗིད་དེ་བས་ཆེན་པོ་ཐོབ་པར་བརྩོན་ལེན་ཧུར་ཐག་བྱ་དགོས་པ་བཅས་རེད།།


  • ལེ་ཚན་སྔོན་མ།:ཀན་སུའུ་དཔའ་རིས་རྫོང་གིས་དཔའ་རིས་བོད་རིགས་ཀྱི་དམངས་གཞས་མྱུར་སྐྱོབ་བྱེད་པ།
  • ལེ་ཚན་རྗེས་མ།:ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཡིག་ཆས་རྣམ་བཞི།
  • དོ་སྣང་ཆེ་བའི་རྩོམ།