2017-03-07
སྤྱི་ཟླ3ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཚོགས་འདུར་བཞུགས་པ།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་དང་། ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཟླ3པའི་ཚེས5ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་སྐབས་ལས་འགན་སྒྲུབ་པར་འགན་ཁུར་ཕོད་པ་བྱ་རྒྱུར་སྣང་ཆེན་བྱེད་དགོས་པ་དང་ལས་དོན་དངོས་སྒྲུབ་ཀྱིས་འོད་སྟོང་གཏད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་དང་། བློ་གཅིག་སེམས་གཅིག གསར་འབྱེད་ཡར་བརྩོན་བཅས་བྱས་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་བརྩོན་ཆེན་པོས་ལེགས་སྒྲུབ་བྱ་དགོས།“ལོ་བརྒྱ་གཉིས”ཀྱི་གཟི་བརྗིད་ལྡན་པའི་དམིགས་ཚད་མངོན་འགྱུར་དང་། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་བསྟན།
དེ་རིང་མི་དམངས་ཚོགས་ཁང་ཆེ་མོའི་ནང་རྣམ་པ་རྔམ་བརྗིད་ལྡན་ལ་སྤྲོ་སྣང་དོད་པ། མི་ཁྲི་ཤོང་བའི་ཚོགས་ཁང་ཆེ་མོའི་ནང་ནས་སྒྲོན་འོད་ལྷམ་མེར་འཕྲོ་བ་དང་། རྒྱལ་རྟགས་ཀྲུའུ་ཞི་སྡིངས་ཆའི་ཡོལ་བའི་དབུས་སུ་མཐོན་པོར་བཀལ་བ། དར་དམར་བཅུ་གཡས་གཡོན་གཉིས་སུ་གྲལ་སྟར་འགྲིག་པོར་བཙུགས་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ཏེ་ཚོགས་འདུ་རྒྱས་འཛོམས་སུ་ཞུགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་ལག་བསྟར་གནང་བ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཀྲང་ཏེ་ཅང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཅན་གོ་དང་། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲེ། ཡན་ཅུན་ཆི། ཝང་ཁྲེན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨའེ་ལི་ཀེང·དབྱི་མིང་པཱ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེན་ཀྲུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་སྟེགས་ཐོག་བཞུགས་ཡོད་པ་རེད།
ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པར་འཐུས་མི་2924ཕེབས་དགོས་པ་དང་། དེ་རིང་ཚོགས་འདུར་འཐུས་མི་2862ཕེབས་ཡོད་ལ། འཐུས་མི་62ཕེབས་ཐུབ་མེད་པ། ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་པ་རེད།
སྔ་དྲོའི་ཆུ་ཚོད་དགུ་པར་ཀྲང་ཏེ་ཅང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚོགས་རའི་ནང་གི་མི་ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཚོགས་འདུའི་གྲོས་རིམ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བ་རེད། སྙན་སྒྲོན་དེ་ཆ་ཤས་གསུམ་དུ་ཕྱེ་བ་སྟེ། གཅིག 2016ལོའི་ལས་དོན་ཕྱིར་དྲན། གཉིས། 2017ལོའི་ལས་དོན་ཁྱོན་ཡོངས་ཀྱི་བཀོད་སྒྲིག གསུམ། 2017ལོའི་གཙོ་གནད་ལས་དོན་དང་ལས་འགན་བཅས་སོ།
ལི་ཁེ་ཆང་གིས་འདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱལ་ཁབ་ཕྱི་ནང་གི་འགལ་བ་མང་དག་ཅིག་འདོམས་པ་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་མང་པོ་འདུས་པའི་འགྲན་སློང་དྲག་པོ་འཕྲད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་གདོང་གིས་བསུས་ནས་མདུན་དུ་བསྐྱོད་དེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་དངོས་སུ་གཏན་འཁེལ་གནང་བའི་ཐོག་ནས་ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་གྱི་ཡོད། དེ་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པ་ཞིག་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་རྒྱུན་མི་ཆད་པར་ཟབ་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་གལ་ཆེའི་འཕེལ་རིམ་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ། ཕྱོགས་ཡོངས་དང་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་གཏིང་ཟབ་བྱས་པ། ཕྱོགས་ཡོངས་དང་ནན་པོའི་སྒོ་ནས་ཏང་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་པར་བསྒྲུབས་ནས་“ལོ་ལྔ་ཚན་བཅུ་གསུམ་པ”ཡི་འགོ་ཡག་པོ་ཞིག་བཙུགས་ཡོད་ཅེས་བསྟན།
ལི་ཁེ་ཆང་གིས་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་སྟངས་མུ་མཐུད་གསར་གཏོད་བྱེད་པ་དང་འབྲེལ་ཤུགས་སྣོན་ཡང་བརྒྱབ་སྟེ་དཔལ་འབྱོར་ལུགས་མཐུན་གྱི་ཁྱབ་ཁོངས་ནང་འཁོར་རྒྱུག་ཡོང་བ་བྱས་པ་དང་། “གསུམ་འདོར་གཅིག་གཅོག་གཅིག་གསབ”ལ་དམ་འཛིན་ནན་པོ་བྱས་ཏེ་མཁོ་སྤྲོད་ཀྱི་གྲུབ་ཆ་ལེགས་བཅོས་ཅུང་ཟད་བྱས་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་བཏང་བ། གསར་གཏོད་ལ་བརྟེན་ནས་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགུལ་ནུས་གསར་པ་འཕེལ་རྒྱས་མྱུར་དུ་བཏང་བ། ཁྱབ་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་འཕར་སྣེ་དང་འཕར་རྒྱུད་གསར་པ་མགྱོགས་མྱུར་ཆགས་པ་བྱས་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྗང་མདོག་འཕེལ་རྒྱས་ལ་ཡར་རྒྱས་གསར་པ་ཡོང་བ་བྱས་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་བཏང་བ། སྲིད་གཞུང་འཛུགས་སྐྱོང་དང་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་མུ་མཐུད་ཡོང་བ་བྱས་པ་སོགས་ཀྱི་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ཕྱིར་དྲན་གནང་།
ལི་ཁེ་ཆང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་ལྷག་པ་ཡང་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་འགྲན་སློང་ལ་ཐད་ཀར་ཁ་གཏད་གཅོག་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྲིད་གཞུང་གི་ལས་དོན་ཡག་པོ་བསྒྲུབས་པ་ལས་ལོ་རྒྱུས་ཀྱི་འགན་འཁྲི་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་ཞེས་བསྟན་།
ལི་ཁེ་ཆང་གིས་2017ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.5%ཡས་མས་འཕར་བ་བྱ་རྒྱུ་དང་ལས་ཀ་དངོས་ཁྲོད་གྲུབ་འབྲས་དེ་བས་ལེགས་པ་ཐོབ་པ་བྱ་རྒྱུ་དང་། གྲོང་མིའི་འཛད་སྤྱོད་རིན་ཐང་3%ཡས་མས་འཕར་སྣོན་ཡོང་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1100ཡན་གསར་དུ་ལས་ཞུགས་ཐུབ་པ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ། ཕྱིར་གཏོང་ནང་འདྲེན་སླར་ཡང་བརྟན་པོའི་ངང་ལེགས་སུ་འགྲོ་བ་བྱས་ནས་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ། གྲོང་མིའི་ཡོང་འབབ་དང་དཔལ་འབྱོར་འཕར་ཚུལ་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བྱ་རྒྱུ། རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཟད་གྲོན་3.4%ཡན་ཆག་པ་བྱ་རྒྱུ་དང་བཙོག་དངོས་གཙོ་བོ་འབུད་ཚད་མུ་མཐུད་ཆག་པ་བྱ་རྒྱུ་བཅས་རེད་ཅེས་གསུངས།
ལི་ཁེ་ཆང་གིས་2017ལོའི་སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར་ཕྱོགས་ལྔ་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས་པའི་ཐད་སྙན་སྒྲོན་གནང་བ་སྟེ། གཅིག་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་ལག་བསྟར་བྱས་ནས་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་དགོས། གསུམ་ནས་སྤྱིའི་དགོས་མཁོ་ཆེ་རུ་འོས་འཚམ་གཏོང་བ་དང་འབྲེལ་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། བཞི་ནས་གསར་གཏོད་ལ་བརྟེན་ནས་འགུལ་ནུས་གསར་རྙིང་བརྗེ་རེས་དང་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ལྔ་ནས་མི་དམངས་མང་ཚོགས་ཚོས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།
ལི་ཁེ་ཆང་གིས་2017ལོར་གཤམ་གསལ་གྱི་ཕྱོགས་དགུའི་ཐད་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་སྟེ། གཅིག་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་སྤྱད་དེ“གསུམ་འདོར་གཅིག་གཅོག་གཅིག་གསབ”ལ་སྐུལ་འདེད་གཏིང་ཟབ་གཏང་དགོས། གཉིས་ནས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་གཏིང་ཟབ་བྱ་དགོས། གསུམ་ནས་རྒྱལ་ནང་གི་དགོས་མཁོའི་མི་མངོན་པའི་ནུས་པ་སྔར་བས་ཆེ་རུ་གཏང་དགོས། བཞི་ནས་གསར་གཏོད་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་ཁྲིད་སྟོན་བྱ་དགོས། ལྔ་ནས་ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་དང་ཞིང་པར་མུ་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏང་དགོས། དྲུག་ནས་ཕྱི་ཕྱོགས་སྒོ་འབྱེད་རང་འགུལ་ངང་རྒྱ་ཆེར་ཧུར་ཐག་གཏང་དགོས། བདུན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། བརྒྱད་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏང་དགོས། དགུ་ནས་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།
ལི་ཁེ་ཆང་གིས་ད་དུང་མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་ངོགས་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་བཅས་ཀྱི་སྐོར་ཞིབ་པར་གསུངས་པ་རེད།
ཚོགས་འདུའི་གྲོས་རིམ་ལྟར། ཚོགས་ཆེན་ཐོག་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་དང་། 2017ལོའི་འཆར་གཞིའི་འཆར་ཟིན། 2016ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། དེ་བཞིན་2017ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་་གྲོས་ཞིབ་གནང་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10