མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བ་དང་དམངས་ཀྱིས་བྱ་གཞག་བསྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2017-03-03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཉིས་སྟོང་བཅུ་བདུན་ལོའི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བ་དང་། དམངས་ཀྱིས་བྱ་གཞག་བསྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཉིས་སྟོང་བཅུ་དྲུག་ལོའི་ཚན་རྩལ་བྱ་བ་དང་ལས་སྐྲུན་དང་གསར་གཏོད་གཉིས་ཀྱི་བྱ་བར་སྤྱི་སྡོམ་བྱས་པར་མ་ཟད། ཉིས་སྟོང་བཅུ་བདུན་ལོའི་བྱ་བ་གཙོ་བོའི་འགན་ཁུར་བཀོད་སྒྲིག་བཟང་བོ་བྱས། ཧྲིན་ཀྲང་གཞོན་པ་ཝང་ལིས་མིན་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོར། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དཀྱིལ་སྙིང་དུ་བཟུང་ནས། ནན་ནན་ཏིག་ཏིག་ངང་གསར་གཏོད་སྒུལ་སྤེལ་འཕེལ་རྒྱས་འཐབ་ཇུས་ཡར་ལྡན་དུ་སྤེལ་བ་དང་། གསར་གཏོད་ཀྱི་རྣམ་པའི་མཚོ་སྔོན་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་དང་ས་ཁོངས་གསར་གཏོད་ཀྱི་སྒུལ་ཤུགས། ལས་རིགས་གསར་གཏོད་ཀྱི་བྱེད་ནུས་བཅས་མངོན་གསལ་ཇེ་དྲག་ཏུ་བཏང་བར་མ་ཟད། ལས་སྐྲུན་དང་གསར་གཏོད་བྱ་བ་ཕན་འབྲས་ལྡན་པའི་ངང་ཡར་ལྡན་དུ་སྤེལ་མཐར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྟོབས་དང་ལྡན་པའི་བྱེད་ནུས་འདོན་སྤྲོད་བྱས་ཡོད་ཟེར།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག ལས་ཁུངས་སོ་སོས་ངེས་པར་དུ་རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང་བཅུ་གསུམ་པའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་བསྒྱུར་དགོས་པ་བཞིའི་བསམ་ཕྱོགས་གསར་བ་ལྟར། འཕེལ་རྒྱས་འདུ་ཤེས་གསར་བ་སྣེ་སྟོན་བསམ་བློར་འཛིན་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཙོ་གནད་དུ་བཟུང་ནས། འབད་བརྩོན་ལྷོད་མེད་ངང་བཅོས་སྒྱུར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཚོགས་ཀྱི་གསར་གཏོད་འཇོན་ནུས་སྔོག་འདོན་བྱས་ཏེ། བར་མ་ཆད་པའི་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་གསོ་སྤེལ་བྱེད་དགོས། ཚན་རྩལ་གསར་གཏོད་ནུས་པའི་མི་འདང་ས་དུས་ལྟར་ཁ་གསབ་བྱས་མཐར། ད་ལོའི་ལས་རིགས་སོ་སོའི་དམིགས་འབེན་འགན་འཁྲི་ལག་བསྟར་དངོས་འབེབས་བྱས་ཏེ་ཕན་འབྲས་བཟང་བོ་ལོན་པར་འགན་ལེན་ཁག་ཐེག་བྱེད་དགོས་པར་མ་ཟད། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་པར་བྱས་རྗེས་གསར་བ་འཇོག་ཐུབ་དགོས་ཟེར། །

 

  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་གཞི་རྩའི་སྤྱི་ཐུན་ཞབས་ཞུ་འདྲ་མཉམ་ཅན་དུ་སྒྱུར་བའི་འཆར་འགོད»འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཟློས་གར《གེ་སར་རྒྱལ་པོ།》ཡིས་ལོ་སར་གྱི་སྤྲོ་སྟོན་ལ་བྲོ་བ་གསར་པ་ཞིག་བསྣན་བྱུང་།
  • དོ་སྣང་ཆེ་བའི་རྩོམ།