2017-02-21
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ2པའི་ཚེས13ཉིན་འབྱོར་བའི་གཏམ་གསར། ཉེ་བའི་ལོ་ཤས་རིང་ལ། བོད་ལྗོངས་ཀྱི་ས་གནས་དེ་གའི་ཁེ་ལས་དེ་བས་མང་པོས་མ་རྩའི་ཚོང་རར་བརྟེན་ནས་ཁེ་ལས་རྒྱ་སྟོབས་ཆེ་རུ་བཏང་བ་རེད། 2016ལོའི་མཇུག་ཏུ་བོད་ལྗོངས་ཀྱི་ཁྲོམ་ཞུགས་སྤྱི་གཉེར་ཁང14ལ་འཕར་ཞིང་། ཚོང་རར་འདོན་པའི་སྤྱི་གཉེར་ཁང་གི་ཁྲོམ་རའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1528.48ཡིན་ཞིང་ན་ནིང་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལས་ཆེས་ཆེར་བརྒལ་བ་དང་། རྒྱལ་ནང་ལ་དངུལ་འཛིན་ཅན་དུ་འགྱུར་ཚད་མདུན་གྲལ་དུ་སླེབས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་གོང་དུ་འཕེལ་ཞིང་། 1995ལོར་བོད་ལྗོངས་ཀྱི་སྤྱི་གཉེར་ཁང་དང་པོ་སྟེ་བོད་ལྗོངས་མུ་ཏིག་སྤྱི་གཉེར་ཁང་ཁྲོམ་ཞུགས་བྱས་པ་ནས་བཟུང་། བོད་ལྗོངས་ཀྱི་མ་རྩ་ཁྲོམ་རའི་གཞི་ཁྱོན་དང་གཙོ་གཞི་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ནས། ཁྲོམ་རའི་གཙོ་གཞིའི་རིགས་ཆ་ཚང་ཞིང་བྱེད་ནུས་འཐུས་ཚང་ཡིན་པའི་ཚོང་རའི་མ་ལག་ཞིག་རགས་ཙམ་ཆགས་ཡོད་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་ལ་རྒྱུན་ཆད་མེད་པ་གསོན་ཤུགས་གསར་པ་བསྣན་པ་རེད།
གཞི་གྲངས་ལས་གསལ་བོར་མངོན་པ་ལྟར་ན། 2016ལོའི་ལོ་མཇུག་ཏུ་བོད་ལྗོངས་ལ་ཁྲོམ་ཞུགས་སྤྱི་གཉེར་ཁང14ཡོད་ཅིང་། དེ་དག་ནི་གཙོ་བོ་བཟའ་བཅའ་བཟོ་སྐྲུན་དང་། ཡུལ་སྐོར། སྨན་རྫས་བཟོ་བ། གཏེར་ཁའི་ཐོན་སྒོ་འབྱེད་པ། འཛུགས་སྐྲུན་རྒྱུ་ཆ་དང་བོད་ལུགས་གསོ་རིག་དང་བོད་སྨན་སོགས་ལས་རིགས་རེད། དེའི་ནང་སྤྱི་གཉེར་ཁང10ནི་རྐང་དབང་ཉོ་འཚོང་སྤྱི་སྟེགས་གཙོ་བོར་ཁྲོམ་འདོན་བྱུང་བ་དང་སྤྱི་གཉེ་ཁང4རྐང་དབང་ཉོ་འཚོང་སྤྱི་སྟེགས་འབྲིང་ཆུང་དུ་ཁྲོམ་འདོན་བྱུང་ཡོད་པ་རེད། བོད་རང་སྐྱོང་ལྗོངས་དངུལ་རྩ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཏུའུ་ཝེ་ཡིས་ན་ནིང་བོད་ཀྱི་ས་གནས་དེ་གའི་ཁེ་ལས3ཁྲོམ་རར་ཞུགས་པས། དེ་ཐོག་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་པ་དང་དུས་མཚུངས་སུ་མ་རྩའི་ཁྲོམ་ར་དེ་བོད་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་མཚོན་ཐུབ་ཅེས་བཤད་པ་རེད།
ཆེད་ལས་མཁས་པས་མ་འོངས་པའི་ལོ་ཤས་རིང་བོད་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ལྗང་མདོག་གནོད་མེད་ཐོན་ལས་དང་། ཆུ་གློག་ནུས་རྒྱུའི་ཁྱབ་ཁོངས་སུ་ཁྲོམ་འདོན་སྤྱི་གཉེར་ཁང་དེ་བས་མང་པོ་ཐོན་ངེས་རེད་ཅེས་བཤད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10