ཁུན་མིང་ཨེ་ཤ་ཡ་ཧྲིལ་བོའི་རྒྱལ་སྤྱིའི་ཞིང་ལས་དངོས་མང་སྟོན་ཚོགས་འཚོགས་པ།
ཀྲུང་གོའི་བོད་སྐད་རླུང་འཕྲིན། 2014-11-18
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཞིང་ལས་པུའུ་ཡིས་རྒྱབ་སྐྱོར་དང་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྤྱི་ལོ2014ལོའི་ཀྲུང་གོའི་ཁུན་མིང་ཨེ་ཤ་ཡ་ཧྲིལ་བོའི་རྒྱལ་སྤྱིའི་ཞིང་ལས་དངོས་མང་སྟོན་ཚོགས་སྐབས་བཅུ་བ་ཁུན་མུང་དུ་འཚོགས་པ་དང་། ཚོགས་ཡུན་ཟླ་འདིའི་སྤྱི་ཚེས15ཉིན་ནས་སྤྱི་ཚེས19ཉིན་བར་རེད། ཐེངས་འདིའི་དངོས་མང་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་ཞིང་ལས་གཞིས་ཀའི་དཔལ་འབྱོར་ཆེར་གཏོང་བ་དང་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ལ་རོགས་འདེགས་བྱ་རྒྱུ་དེ་ཡིན་ཞིང་། གཙོ་བོ་དེང་རབས་ཞིང་ལས་ཀྱི་གསར་དར་ལག་རྩལ་གྱི་གྲུབ་འབྲས་བརྗེ་སྤེལ་དང་མཉམ་ལས་ལ་སྐུལ་འདེད་དང་ཞིང་ལས་ཀྱི་ཁྱབ་རྒྱ་རྒྱ་བསྐྱེད་པ་ལས་གཞན། ཁྱོན་ཡོངས་ནས་ཞིང་ལས་དང་ནགས་ལས། ཉ་ལས་བཅས་ཀྱི་ཐོན་རྫས་གསར་པ་དང་ལག་རྩལ་གསར་པ། ཞབས་ཞུ་གསར་པ་མངོན་པར་བྱ་རྒྱུ་ཡིན་པ་རེད།
དངོས་མང་སྟོན་ཚོགས་ཐོག་འགྲེམ་སྟོན་དང་གྲོས་མོལ། ཕྱིར་ཚོང་བཅས་གཞི་གཅིག་ཏུ་བསྡུས་པ་དང་། དེ་ལས་དེང་རབས་ཞིང་ལས་གཞིས་ཀ་དང་ཆེད་ལས་ཀྱི་ཉོ་སྒྲུབ་དེ་མངོན་ཡོད་པ་རེད། ཀྲུང་གོའི་ཞིང་ལས་ཐོན་རྫས་ཁྲོམ་རའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཡུས་ཤང་གིས་ཁུན་མིང་ཨེ་ཤ་ཡ་ཧྲིལ་པོའི་རྒྱལ་སྤྱིའི་ཞིང་ལས་དངོས་མང་སྟོན་ཚོགས་ནི་ཡུན་ནན་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་གོང་འཕེལ་གྲུབ་འབྲས་མངོན་པའི་སྟེགས་བུ་ཞིག་ཡིན་པ་མ་ཟད། རང་རྒྱལ་དང་ཨེ་ཤ་ཡའི་ལྷོ་མ་དང་ཨེ་ཤ་ཡའི་ཤར་ལྷོ་སོགས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་བར་གྱི་ཉོ་ཚོང་དང་ལག་རྩལ་བརྗེ་སྤེལ་ལ་སྐུལ་འདེད་བྱེད་པའི་གལ་ཆེའི་སྒེའུ་ཁུང་ལྟ་བུ་ཞིག་ཡིན་པས། དེས་རྒྱལ་ཡོངས་ཞིང་ལས་དཔལ་འབྱོར་ནང་གོ་གནས་གལ་ཆེན་ཞིག་ཟིན་ཡོད་ཞེས་གསུངས་ཡོད་པ་རེད། །