2019-12-20
ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་བསམ་འཆར་འགྲེམས་སྤེལ་བྱས་ཏེ།
སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ཁོར་ཡུག་དེ་བས་བཟང་པོ་བསྐྲུན་དགོས་པར་བསྟན།
ཞིན་ཧྭ་གསར་འགྱུར་ཁང་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ཁོར་ཡུག་དེ་བས་བཟང་པོ་བསྐྲུན་དགོས་པའི་སྐོར་གྱི་བསམ་འཆར་ཁ་ཤས》འགྲེམས་སྤེལ་བྱས་ཤིང་བརྡ་སྦྱོར་བྱས་ཏེ། ས་གནས་ཁག་དང་སྡེ་ཚན་ཁག་གིས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ལག་ལེན་མཐར་ཕྱིན་ནན་ཏན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
《སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ཁོར་ཡུག་དེ་བས་བཟང་པོ་བསྐྲུན་དགོས་པའི་སྐོར་གྱི་བསམ་འཆར་ཁ་ཤས》ནང་དུ་བསྟན་དོན། ལོ་རྒྱུས་དང་སྒྲིག་སྲོལ་ནང་སྲོལ་ཕྱོགས་ཀྱི་རྒྱུ་མཚན་འགའ་ཡི་རྐྱེན་ལས་ད་ཆའི་དགེ་རྒན་ལྷག་པར་དུ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལ་ཁུར་པོ་ཅུང་ལྕི་བའི་གནད་དོན་ཡོད་པ་སྟེ། དཔེར་ན་ལྟ་ཞིབ་དང་ཞིབ་བཤེར། དཔྱད་བསྡུར་དང་དཔྱད་ཞིབ་སོགས་དོན་ཚན་གྱི་རིགས་དང་གྲངས་ཀ་མང་བ་དང་། རྟོག་ཞིབ་དང་བསྡོམས་རྩིས། ཆ་འཕྲིན་བསྡུ་ལེན་སོགས་རིགས་མང་པོའི་བྱེད་སྒོ་བསྣོལ་ཞིང་བསྐྱར་བཟློས་ཡིན་ལ། འགའ་ཞིག་བཀོད་སྒྲིག་གང་མོས་མོས་ལྟར་བྱས་ཡོད་པ་དང་། ས་གནས་དང་སྡེ་ཚན་ཁ་ཤས་སུ་བདེ་འཇགས་བརྟན་བརླིང་དང་ནག་སེལ་གཤེད་འཇོམས། ཕུལ་བྱུང་ལེགས་གཏོད་དང་སྔོན་ཐོན་དཔྱད་འདེམས་སོགས་ཀྱི་ལས་དོན་ལག་ལེན་བྱེད་པའི་སྐབས་སུ། ནམ་རྒྱུན་སློབ་གྲྭ་དང་དགེ་རྒན་ལ་ལས་འགན་བགོས་པ་རེད། ལས་སྟངས་འདི་དག་གིས་སློབ་གྲྭའི་རྒྱུན་ལྡན་གྱི་སློབ་གསོ་དང་སློབ་ཁྲིད་སྒྲིག་རིམ་དཀྲུགས་པ་དང་། དགེ་རྒན་ལ་ཁུར་པོ་སྣོན་མ་ཞིག་བསྣན་པ་རེད། དེར་བརྟེན། ངེས་པར་དུ་དགེ་རྒན་གྱི་རང་འགན་རྩོད་མེད་ནི་དཔེ་ཁྲིད་མི་སྐྱོང་བྱ་རྒྱུ་དེ་ཡིན་པའི་འདུ་ཤེས་བརྟན་པོར་འཆང་བ་དང་། སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་ཚོར་དགོས་མེད་ཀྱི་གནོད་རྐྱེན་བཟོ་རྒྱུ་ཇེ་ཉུང་དུ་ཧུར་ཐག་གིས་བཏང་སྟེ། སློབ་གྲྭར་དབེན་འཇགས་ཀྱི་ཁོར་ཡུག་ཡོད་པ་དང་དགེ་རྒན་ལ་དུས་ཚོད་ཡོད་པར་བྱ་དགོས།
《སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ཁོར་ཡུག་དེ་བས་བཟང་པོ་བསྐྲུན་དགོས་པའི་སྐོར་གྱི་བསམ་འཆར་ཁ་ཤས》ལས། ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏང་དགོས་པ་དང་གཅིག ལྟ་ཞིབ་དང་ཞིབ་བཤེར། དཔྱད་བསྡུར་དང་དཔྱད་ཞིབ་བཅས་ཀྱི་དོན་ཚན་ལ་གཅིག་གྱུར་གྱིས་ཚད་ལྡན་བྱ་རྒྱུ་དང་གཉིས། སྤྱི་ཚོགས་ཀྱི་ལས་དོན་སློབ་གྲྭར་ཞུགས་པར་གཅིག་གྱུར་གྱིས་ཚད་ལྡན་བྱ་རྒྱུ་དང་གསུམ། འབྲེལ་ཡོད་རྩིས་ཕྲ་འབྲི་བའི་ལས་དོན་ཇེ་ཉུང་དུ་གཏོང་བར་གཅིག་གྱུར་གྱིས་ཚད་ལྡན་བྱ་རྒྱུ་དང་བཞི། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་སྐོང་འཐེན་དང་གཡར་སྤྱོད་བྱེད་པའི་དོན་དག་ལ་གཅིག་གྱུར་གྱིས་ཚད་ལྡན་བྱ་རྒྱུ་དང་ལྔ། རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲུག་བཅས་ནས་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཁོར་ཡུག་དེ་བས་བཟང་པོ་བསྐྲུན་ཏེ། དགེ་རྒན་ཚོས་བློ་བདེ་ཞིང་སེམས་སྐྱིད་ལ་བག་ཕེབས་པོའི་ངང་ནས་སློབ་ཁྲིད་བྱེད་པར་ཁོར་ཡུག་དེ་བས་ཡག་པོ་བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས《སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ཁོར་ཡུག་དེ་བས་བཟང་པོ་བསྐྲུན་དགོས་པའི་སྐོར་གྱི་བསམ་འཆར་ཁ་ཤས》ཀྱི་སྙིང་དོན་ལ་གཞིགས་ནས། ཁུར་པོ་ཡང་པོར་གཏོང་བའི་གསལ་ཐོ་ཞིབ་ཕྲ་བཟོས་ཏེ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་དོན་ལ་ཕན་འབྲས་དངོས་འཐོབ་པར་སྐུལ་འདེད་ཧུར་ཐག་གཏང་དགོས།། (སྐལ་ཐུབ་ཀྱིས་བསྒྱུར།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10