ཞིན་ཧྭ་གསར་འགྱུར་དྲ་བ། 2017-01-12
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ས་ཁོངས་རང་བཞིན་གྱི་རྐང་དབང་ཚོང་ར་ཚད་ལྡན་དང་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་གཏན་ལ་ཕབ་སྟེ། ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བའི་དངུལ་བསྡུ་ཐབས་ལམ་རྒྱ་བསྐྱེད་དགོས་ཞེས་བསྟན་པ་དང་། གྲོང་ཁྱེར་དོ་དམ་ཁྲིམས་འཛིན་ཐད་གཅིག་གྱུར་གྱི་ལྭ་བ་དང་མཚོན་རྟགས་བཀོལ་སྤྱོད་བྱེད་པའི་དོ་དམ་བྱེད་ཐབས་ལ་གྲོས་འཆམ་བྱུང་སྟེ། དཔལ་ཡོན་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ་དང་གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན་པར་མ་ཟད། གྲོས་ཚོགས་སྟེང་དབང་བོ་སྐྱོན་ཅན་གྱི་སློབ་གསོ་བྱ་བའི་སྲོལ་ཡིག་བཟོ་བཅོས་འཆར་ཟིན་དང་དབང་བོ་སྐྱོན་ཅན་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་ལུས་ཕུང་བདེ་གསོའི་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་བསྟན་དོན། ས་ཁོངས་རང་བཞིན་གྱི་རྐང་དབང་ཚོང་ར་ཚད་ལྡན་དང་འཕེལ་རྒྱས་སུ་བཏང་སྟེ། གོ་རིམ་ལྡན་པའི་ངང་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བའི་མ་རྐང་འཛིན་དབང་དང་དངུལ་བསྡུ་རྒྱ་བསྐྱེད་པ་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རིམ་པ་མང་པོའི་མ་རྩ་ཚོང་ར་མ་ལག་འཐུས་ཚང་དུ་གཏོང་བ་དང་། དངུལ་ལོར་དངོས་ཕུང་དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་སྤོར་ལ་སྔར་ལས་ཞབས་ཕྱི་བཟང་བོ་སྒྲུབ་པ། གསར་གཏོད་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ནས། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཟེར།
ཚོགས་ཐོག་ནས་བལྟས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་ཁྱེར་དོ་དམ་ཁྲིམས་འཛིན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་རེ་བ་ལྟར། གྲོང་ཁྱེར་དོ་དམ་ཁྲིམས་འཛིན་གྱི་ལྭ་བ་དང་མཚོན་རྟགས་གཅིག་གྱུར་ཡོང་བར་བྱེད་པ་དང་ཚད་ལྡན་དོ་དམ་བྱེད་པ་དེ་ཚོར་གཉེར་གྱི་ཁོར་ཡུག་བཟང་བོ་སྐྲུན་པ་དང་། གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྲིད་གཞུང་གི་སྤྱིའི་ཡིད་རྟོན་ཤུགས་ཇེ་ཆེར་གཏོང་བ་བཅས་ཐད་ལ་ཕན་པ་ཡོད་པར་སྙམ།
ཚོགས་ཐོག་ནས་བསྟན་དོན། དབང་བོ་སྐྱོན་ཅན་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། དབང་བོ་སྐྱོན་ཅན་ལ་འདྲ་མཉམ་གྱི་སློབ་གསོ་ཁེ་དབང་ཐོབ་པར་ཁག་ཐེག་བྱེད་པ་ནི་འདྲ་མཉམ་དང་དྲང་གཞག་གི་ནང་དོན་གལ་ཆེན་ཕུན་སུམ་ཚོགས་པར་གཏོང་བ་དང་སྤྱི་ཚོགས་དཔལ་ཡོན་དང་ཡར་ཐོན་ཡོང་བར་བྱེད་པའི་མཚོན་རྟགས་ཡིན་ཟེར།
གྲོས་ཚོགས་སྟེང་དབང་བོ་སྐྱོན་ཅན་གྱི་སློབ་གསོ་བྱ་བའི་སྲོལ་ཡིག་བཟོ་བཅོས་འཆར་ཟིན་དང་། དབང་བོ་སྐྱོན་ཅན་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་ལུས་ཕུང་བདེ་གསོའི་སྲོལ་ཡིག་འཆར་ཟིན་གཉིས་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10