ཆོས་འཛིན་གྱིས་བསྒྱུར། 2016-12-20
ཀྲུང་གོའི་གསར་འགྱུར་དྲ་བ་ནས་ཟླ་བ12པའི་ཚེས13ཉིན་འབྱོར་བའི་གློག་འཕྲིན། གོང་ཚེས་ཉིན་ནི2014ལོ་ནས་བཟུང་ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་འདས་པོ་རྣམས་ལ་རྒྱལ་ཁབ་ཀྱིས་སྤྱི་སྒྲུབ་འདས་མཆོད་འབུལ་ཐེངས་ཨང་གསུམ་པ་རེད། ནན་ཅིན་གྲོང་ཁྱེར་སྲིད་གཞུང་གིས་དེའི་སྔོན་ལ་གོང་ཚེས་ཉིན་གྱི་ཆུ་ཚོད10པར་རྒྱལ་ཁབ་ཀྱིས་སྤྱི་སྒྲུབ་འདས་མཆོད་འབུལ་བའི་མཛད་སྒོ་སྤེལ་བ་དང་ནན་ཅིན་གྱིས་གྲོང་ཁྱེར་ཡོངས་ལ་ཉེན་བརྡ་བཏང་ནས་མྱ་ངན་ཞུ་རྒྱུ་ཡིན་ཞེས་སྤྱི་བསྒྲགས་བྱས་པ་རེད། ཉིན་དེར་འབྲེལ་ཡོད་ཀྱི་བྱེད་སྒོ་མང་པོའང་སྤེལ་ཡོད།
སྤྱི་སྒྲུབ་འདས་མཆོད་འབུལ་བའི་ཉིན་ལ་སྤྱི་སྒྲུབ་འདས་མཆོད་འབུལ་བའི་མཛད་སྒོ་དང་དཀར་མེའི་མཆོད་འབུལ་སོགས་བྱེད་སྒོ་མང་པ་ཡོད།
ནན་ཅིན་གྲོང་ཁྱེར་གྱི་གཞུང་ཕྱོགས་ཀྱིས་སྤྱི་བསྒྲགས་སྤེལ་ནས་ངོ་སྤྲོད་བྱས་དོན། སྤྱི་སྒྲུབ་འདས་མཆོད་འབུལ་བའི་མཛད་སྒོ་སྤེལ་ཡུལ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ》དཀྲོལ་ཞིང་བླངས་པའི་རྗེས་སུ། གྲོང་ཁྱེར་ཡོངས་ཀྱི་གཙོ་བོའི་ས་ཁུལ་གྱི་གཞུང་ལམ་ཐོག (མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་སྐོར་ལམ། གྲོང་ཁྱེར་གྱི་མཐོ་སྒྲོམ་ལམ། ཕུག་ལམ་བཅས་འདུས་མེད།)སྐྱོད་བཞིན་པའི་འཕྲུལ་འཁོར་གྱིས(ཛ་དྲག་ཆེ་བའི་ལས་འགན་སྒྲུབ་བཞིན་པའི་དམིགས་བསལ་གྱི་རླངས་འཁོར་དེའི་ནང་འདུས་མེད།)གཏོང་མཚམས་བཞག་ནས་སྐད་བཏང་སྟེ་མྱ་ངན་སྐར་མ་གཅིག་ཞུ་དགོས། མེ་འཁོར་དང་གྲུ་གཟིངས་ཀྱིས་དུས་མཚུངས་སུ་སྐད་བཏང་ནས་མྱ་ངན་ཞུ་དགོས། འགྲོ་ལམ་ཐོག་སྐྱོད་བཞིན་པའི་མི་དང་མི་མང་འཛོམ་སར་ཡོད་པའི་མི་ཚང་མས(དམིགས་བསལ་གྱི་ཐོན་སྐྱེད་ལས་ཀ་སྒྲུབ་བཞིན་པའི་མི་སྣ་འདིའི་ནང་འདུས་མེད།)དུས་མཉམ་དུ་ལངས་ནས་མྱ་ངན་སྐར་མ་གཅིག་ཞུ་དགོས། མྱ་ངན་སྐར་མ་གཅིག་ཞུས་རྗེས་རྒྱུན་ལྡན་བསྐྱར་གསོ་བྱེད་དགོས།
སྤྱི་སྒྲུབ་འདས་མཆོད་འབུལ་བའི་མཛད་སྒོ་སྤེལ་བར་ཕུད། ཀྲུང་གོར་བཙན་འཛུལ་བྱེད་མཁན་ལྗར་པན་གྱི་དམག་མིས་ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་འདས་པོ་སྤུན་ཟླའི་དྲན་གསོ་ཁང་གིས་ད་དུང་མྱ་ངན་ཞུ་བ་དང་དྲན་གསོ་ཞུ་བའི་བྱེད་སྒོ་དྲུག་བཀོད་སྒྲིག་བྱས་ཡོད་པ་སྟེ།
གཅིག་ནི་རྒྱལ་དར་ཕྱེད་འབེབས་ཀྱི་མཛད་སྒོ་སྤེལ་ཡོད། གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད7པར་དྲན་གསོ་ཁང་གི་འདུ་ཚོགས་ཐང་ཆེན་ཐོག་རྒྱལ་དར་ཡར་འགེལ་བ་དང་རྒྱལ་དར་ཕྱེད་འབེབས་ཀྱི་མཛད་སྒོ་སྤེལ།
གཉིས་ནི་ནན་ཅིན་གྲོང་ཁྱེར་གྱི་ས་ཁུལ་འགའ་ཞིག་གིས་དུས་མཉམ་དུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ོཡོད། སྔ་དྲོའི་ཆུ་ཚོད་བདུན་ཕྱེད་ནས་ཆུ་ཚོད་བཅུ་ཕྱེད་བར། ནན་ཅིན་གྲོང་ཁྱེར་གྱིས་ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་འདས་པོའི་སྤུན་ཟླ་གཅིག་བསྡུས་སྦས་ས17དང་། འདུས་སྡེ་ཁུལ12དང་གྲོང་ཁྱེར་རིམ་པའི་རྒྱལ་གཅེས་རིང་ལུག་སློབ་གསོ་རྟེན་གཞི་འགའ་ཞིག་ལ་དུས་མཉམ་དུ་མྱ་ངན་ཞུ་བའི་མཛད་སྒོ་སྤེལ་བ་རེད། ད་དུང་གཞོན་ནུ་དང་ལོ་ཆུང་གིས་སྤྱི་སྒྲུབ་འདས་མཆོད་འབུལ་བའི་ཐོག་སྙན་ཚིག་སྒྲོག་སྦྱོང་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་དང་སྤེལ་བ་རེད།
གསུམ་ནི་རྒྱལ་སྤྱིའི་ཤེས་རིག་བང་མཛོད་བརྗེ་རེས་ཀྱི་བྱེད་སྒོ་སྤེལ་ཡོད། ཕྱི་དྲོའི་ཆུ་ཚོད14ལ་དྲན་གསོ་ཁང་དུ་དྲན་ཤེས་དང་ཞི་བདེ་སྟེ། ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་ལོ་རྒྱུས་ཀྱི་རིག་གཞུང་ལོ་ཚོགས་འཚོགས་ཏེ་རྒྱལ་ཕྱིའི་ཆེད་ལས་མཁས་པ་དང་མཁས་དབང་དང་། ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་ལོ་རྒྱུས་དང་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་གླིང་། ད་དུང་ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་ལོ་རྒྱུས་ཞིབ་འཇུག་ཚོགས་པའི་ཆེད་ལས་མཁས་པ་དང་མཁས་དབང་བཅས་ཚོ་གཅིག་གདན་ནས་དེར་ཞུགས་པ་རེད།
བཞི་ནི་འཛམ་གླིང་ཞི་བདེའི་དགེ་འདུན་འདུ་ཚོགས་འཚོགས་ཡོད། ཕྱི་དྲོའི་ཆུ་ཚོད15ལ་འཚོགས་པ་དང་།ཚོགས་ཡུལ་ནི་དྲན་གསོ་ཁང་གི་རྐྱེན་ངན་སྲོག་ཤོར་འདས་པོ་རྣམས་ཀྱི་མིང་བྲིས་པའི་གྱང་ངོས་མདུན་དུ་ཡིན་ཞིང་། ཞུགས་མཁན་ཀྲུང་གོ་དང་ལྗར་པན། ཧན་གོ་རྒྱལ་ཁབ་གསུམ་དང་མཚོ་འགག་ངོགས་གཉིས་དང་ཡུལ་གསུམ་གྱི་སངས་རྒྱས་ཆོས་ལུགས་ལས་རིགས་མི་སྣའི་འཐུས་མི་དང་ནན་ཅིན་གྲོང་ཁྱེར་གྱི་ཆོས་ལུགས་ཆེན་པོ་ལྔའི་ལས་རིགས་མི་སྣའི་འཐུས་མི། དད་ལྡན་མང་ཚོགས་ཀྱི་འཐུས་མི་བཅས་ཡོད།
ལྔ་ནི་དཀར་མེའི་མཆོད་འབུལ་གྱི་བྱེད་སྒོ་སྤེལ་ཡོད། དགོང་མོའི་ཆུ་ཚོད19པར་འཚོགས་པ་དང་། ཚོགས་ཡུལ་ནི་དྲན་གསོ་ཁང་གི་འདས་མཆོད་ཐང་ཆེན་དུ་ཡིན་ཞིང་། ཞུགས་མཁན་མི་སྣ་ནི་སྤྱི་སྒྲུབ་འདས་མཆོད་འབུལ་བའི་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་གྲོགས་པོ་དང་ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་སྤུན་ཟླའི་འཐུས་མི། རིགས་འདྲ་མཉམ་གྱི་དྲན་གསོ་ཁང་གི་འཐུས་མི། ནན་ཅིན་གྲོང་ཁྱེར་གྱི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བཅས་ཡོད།
དྲུག་ནི་རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་བརྗོད་བྱ་གཙོ་བོའི་དྲན་གསོ་ཁང་དང་གྲོང་ཁྱེར་འགའ་ཞིག་གིས་དུས་མཉམ་དུ་དྲན་གསོའི་བྱེད་སྒོ་སྤེལ་ཡོད། སྤྱི་སྒྲུབ་འདས་མཆོད་འབུལ་བའི་ཉིན་དེར་ཀྲུང་གོའི་དྲན་གསོ་ཁང་གི་ཆེད་ལས་ཨུ་ལྷན་གྱིས་སྣེ་ཁྲིད་ནས་རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་བརྗོད་བྱ་གཙོ་བོའི་དྲན་གསོ་ཁང་དུ་དྲན་གསོ་དང་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་རེད།
གཞུང་ཕྱོགས་ཀྱིས་ལྗར་པན་ལ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་སྐྱོན་རང་བརྟག་བྱེད་དགོས་པའི་སྐུལ་འདེད་བྱེད་པ་དང་དམངས་ཁྲོད་ཀྱིས་ཡང་བསྐྱར་ལྗར་པན་ལ་རང་ནོངས་ངོས་ལེན་གྱིས་བྱས་ཉེས་དག་ཐབས་བྱེད་དགོས་པའི་རེ་འབོད་བྱས།
ཚེས10ཉིན། ཀྲུང་གོར་བཙན་འཛུལ་བྱེད་མཁན་ལྗར་པན་གྱི་དམག་མིས་ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་འདས་པོ་སྤུན་ཟླའི་དྲན་གསོ་ཁང་གིས་རྐྱེན་ངན་སྲོག་ཤོར་འདས་པོ་རྣམས་ཀྱི་མིང་བྲིས་སའི་གྱང་ངོས་ཐོག་ཡང་བསྐྱར་རྐྱེན་ངན་སྲོག་ཤོར་འདས་པོ110ཡི་མིང་བྲིས་པ་རེད། མིག་སྔར་སླེབས་དུས་གྱང་ངོས་དེའི་ཐོག་མིང10615བྲིས་ཡོད། 2006ལོར་དྲན་གསོ་ཁང་གསར་པ་སྒོ་ཕྱེ་བ་ནས་ད་བར་རྐྱེན་ངན་སྲོག་ཤོར་འདས་པོའི་མིང་ཐེངས་མ་ལྔ་སྣོན་ཡོད།
ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བ་དེས་ཀྲུང་གོའི་སྤུན་ཟླ་ཁྲི30ལྷག་རྐྱེན་དབང་དུ་སྲོག་ཤོར་བ་རེད། མིག་སྔར། དྲན་གསོ་ཁང་གིས་དངོས་སུ་ཤེས་པའི་རྐྱེན་ངན་སྲོག་ཤོར་འདས་པོའི་མིང་ཁྲི1.5ལྷག་ཡོད། དེའི་ནང་ཁག་ཅིག་ཞིབ་བཤེར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་ད་ལོ་གྱང་ངོས་ཐོག་ལ་བྲིས་མེད། སང་ལོ་ད་དུང་མཐར་མཐུད་ནས་རྐྱེན་ངན་སྲོག་ཤོར་འདས་པོའི་མིང་གྱང་ངོས་ཐོག་ལ་བྲི་རྒྱུའི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་རེད།
ཚེས12ཉིན། ཀྲུང་གོའི་དམངས་ཁྲོད་ཀྱི་ལྗར་པན་ལ་གྱོང་གསབ་ལེན་མཁན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུང་ཙེང་གིས་ཀྲུང་གོའི་གསར་འགྱུར་དྲ་བའི(འཕྲིན་ཕྲན་གྱི་སྤྱི་དམངས་ཨང་གྲངསcns2012)གསར་འགོད་པར་བཤད་དོན། ཉེ་ཆར་མཉམ་འབྲེལ་ལྷན་ཚོགས་དེས་ལྗར་པན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་པོ་བརྒྱུད་ནས་ལྗར་པན་སྲིད་གཞུང་དང་ཨན་པེ་ཅིན་སན་ལ་ཡི་གེ་བསྐུར་ནས་ལྗར་པན་སྲིད་གཞུང་གིས་ལྗར་པན་དམག་མིས་དམར་གསོད་བཏང་བའི་ནན་ཅིན་གྱི་འདས་པོའི་རྣམ་ཤེས་དང་འཛམ་གླིང་དམག་ཆེན་གཉིས་པའི་དུས་རིམ་ལྗར་པན་དམག་གིས་བསད་པའི་ཀྲུང་གོའི་མི་ཡོད་ཚད། ལྗར་པན་གྱིས་བཙན་འཛུལ་བྱས་པའི་རྐྱེན་གྱིས་ཀྲུང་གོའི་མི་དམངས་ལ་སྡུག་བསྔལ་ཆེན་པོ་བཟོས་པར་རང་ནོངས་ངོས་ལེན་གྱིས་བྱས་ཉེས་དག་ཐབས་བྱེད་དགོས་པའི་རེ་བ་བཏོན་ཡོད།
ཐུང་ཙེང་གིས་ནན་གསུང་གནང་དོན། ལོ་རྒྱུས་ནི་དངོས་སུ་གནས་ཡོད་པས། འཛམ་གླིང་དམག་ཆེན་གཉིས་པའི་སྡུག་བསྔལ་ཆེན་པོ་ཐེབས་པའི་མི་རྣམས་ཀྱིས་བརྗེད་སྲིད་ཀྱི་མ་རེད། དམར་གསོད་ཐེབས་པའི་ནག་མེད་ཤི་ཤོར་བའི་རྣམ་ཤེས་རྣམས་ཀྱིས་བརྗེད་སྲིད་ཀྱི་མ་རེད། འཛམ་གླིང་ཐོག་ཞི་བདེ་ལ་དགའ་མཁན་རྣམས་ཀྱིས་ལྗར་པན་སྲིད་གཞུང་ཕྱོགས་གང་ལ་འགྲོ་བར་མིག་གདངས་ནས་ལྟ་གི་རེད།
2015ལོའི་ཟླ་བ10པའི་ཚེས9ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་ཡིག་ཚགས།》ཚན་པ11དེ་དངོས་སུ《འཛམ་གླིང་གི་དྲན་ཤེས་ཀྱི་མིང་ཐོའི》ནང་བཀོད་པ་རེད།
ཐུང་ཙེང་གིས་གསུངས་པར། ཀྲུང་གོའི་དྲན་ཤེས་ནས་འཛམ་གླིང་གི་དྲན་ཤེས་ནས་བཤད་ན། མིག་སྔར་ང་ཚོ་ཅུང་ཕྱི་སོང་ནའང་། འབད་བརྩོན་ལྷོད་མེད་བྱས་ན། མཐར་ལྗར་པན་སྲིད་གཞུང་ལ་ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་ལོ་རྒྱུས་དེར་ལྟ་ལུགས་ཡང་དག་པ་འཛིན་འཇུག་ཐུབ་པའི་ཡིད་ཆེས་ཡོད།
ཀྲུང་གོའི་གཞུང་ཕྱོགས་ཀྱི་ལངས་ཕྱོགས་དེ་ནང་བཞིན་ཐད་ཀར་དང་མངོན་གསལ་ཡིན་ཞིང་། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལུའུ་ཁང་གིས་ཚེས7ཉིནབཤད་པར། ཀྲུང་གོའི་ཕྱོགས་ཀྱིས་བལྟས་ན། རྒྱལ་སྤྱིའི་དྲང་བདེན་དང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་གོ་རིམ་སྲུང་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། ལྗར་པན་ཕྱོགས་ཀྱིས་ལོ་རྒྱུས་ལ་རྣམ་འགྱུར་འཛིན་སྟངས་དག་བཅོས་དང་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་མིའི་རིགས་ལ་ངོ་རྒོལ་བྱས་པའི་ནག་ཉེས་ལ་ངོས་འཛིན་ཡང་དག་པ་ཞིག་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་འདུས་པའི་གླིང་ཆེན་ཨ་ཤེ་ཡ་ཡི་གནོད་སྐྱོན་ཐེབས་པའི་མི་དམངས་ཀྱི་ཡིད་ཆེས་ཐོབ་ཐབས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན།
ལུའུ་ཁང་གིས་ནན་གསུང་གནང་དོན། གལ་ཏེ་ལྗར་པན་ཕྱོགས་ཀྱིས་རང་སྐྱོན་རང་བརྟག་གཏིང་ཟབ་དང་བསམ་པ་རྣམ་དག་གིས་དགོངས་སེལ་ཞུ་བསམས་ན། ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་དྲན་གསོ་ཁང་ཡིན་ནའང་འདྲ། དགུ་པའི་བཅོ་བརྒྱད་དུས་འགྱུར་གྱི་དྲན་གསོ་ཁང་དང་ཡང་ན731དམག་དཔུང་གི་ཤུལ་གནས་སོགས་ཀྲུང་གོའི་ཕྱོགས་ཀྱི་ཡུལ་ས་མང་པོ་ཞིག་ཁོ་ཚོར་མྱ་ངན་རྗེས་དྲན་ཞུ་འཇུག་ཆོག་གི་རེད། གླིང་ཆེན་ཨ་ཤེ་ཡ་ཁྱིམ་མཚེས་རྒྱལ་ཁབ་ལའང་དེ་འདྲའི་ཡུལ་ས་མང་པོས་ཀྱང་ལྗར་པན་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲན་སྐུལ་བྱེད་ཀྱི་ཡོད་པས། འཛམ་གླིང་དམག་ཆེན་དུས་རིམ་གནོད་འཚེ་བཏང་མཁན་རྒྱལ་ཁབ་ཀྱིས་གནོད་འཚེ་ཐེབས་མཁན་རྒྱལ་ཁབ་ལ་བསགས་པའི་ནག་ཉེས་དེ་བརྗེད་མི་རུང་ལ་ལོ་རྒྱུས་དེ་བས་ཀྱང་ཧམ་བཅོས་རྒྱག་མི་ཆོག
གསར་འགྱུར་སྦྲེལ་མཐུད། སྤྱི་སྒྲུབ་འདས་མཆོད་འབུལ་བའི་འབྱུང་ཁུངས།
1037ལོའི་ཟླ་བ12པའི་ཚེས13ཉིན། ལྗར་པན་བཙན་འཛུལ་དམག་གིས་ནན་ཅིན་བཟུང་བ་དང་དེའི་རྗེས།ལྗར་པན་དམག་གིས་ནན་ཅིན་དང་ཉེ་འདབས་ཀྱི་ས་ཁུལ་ལ་ཉི་མ40ལྷག་ཙམ་རིང་དམར་གསོད་བཏང་ནས་ལག་ལ་གོ་མཚོན་ཁབ་ཙམ་ཡང་མེད་པའི་མི་སེར་དང་གོ་མཚོན་མར་བཞག་པའི་དམག་མི་ཁྲི30ལྷག་བསད་པས།ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་དམར་གསོད་དོན་རྐྱེན་བཟོས་པ་རེད། 1994ལོ་ནས་འགོ་ཚུགས་ཏེ་ཅང་སུའུ་ཞིང་ཆེན་དང་ནན་ཅིན་གྲོང་ཁྱེར་གྱིས་ལོ་རེའི་ཟླ་བ12པའི་ཚེས13ཉིན་ལ་མྱ་ངན་ཞུ་བའི་མཛད་སྒོ་སྤེལ་བའི་སྲོལ་བཏོད། དེའི་ནང་ཞི་བདེའི་ཅོང་བརྡ་གཏོང་བ་དང་མེ་ཏོག་ཕྲེང་བ་འབུལ་བ་སོགས་འདུས་ཡོད།
2014ལོའི་ཟླ་བ2པར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་འདས་པོ་རྣམས་ལ་རྒྱལ་ཁབ་ཀྱིས་སྤྱི་སྒྲུབ་འདས་མཆོད་འབུལ་བའི་ཉིན་མོ་འཛུགས་རྒྱུའི་ཆོད་དོན་འཆར་ཟིན་ལ་ཞིབ་བཤེར་བྱས་ཏེ་མཐར་ལོ་དུས་ཀྱི་ཟླ་བ12པའི་ཚེས13ཉིན་དེ་ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་འདས་པོ་རྣམས་ལ་རྒྱལ་ཁབ་ཀྱིས་སྤྱི་སྒྲུབ་འདས་མཆོད་འབུལ་བའི་ཉིན་མོ་འཛུགས་པའི་གྲོས་ཐག་བཅད་པ་དང་། ཆོད་དོན་ལ་གྲོས་འཆམ་བྱུང་བ་དེས་ནན་ཅིན་དུ་དམར་གསོད་ཆེན་པོ་བཏང་བའི་འདས་པོ་རྣམས་ལ་དྲན་གསོ་ཞུ་བ་དེ་རྒྱལ་ཁབ་ཀྱི་བྱ་སྤྱོད་དུ་འགྱུར་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10