གཞིས་རྩེ་གྲོང་ཁྱེར་གྱི་ཚན་ཁག་བཞིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཞལ་འདེབས་ཕུལ་བ།
བོད་ལྗོངས་ཉིན་རེའི་ཚགས་པར། 2015-05-06
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས2ཉིན་ཉིན་གྱི་སྔ་དྲོ།གཞིས་རྩེ་གྲོང་ཁྱེར་གྱི་ཚན་ཁག་བཞིས་ཡོམ་འགོག་གེགས་སེལ་ལ་ཞལ་འདེབས་ཕུལ་བའི་བྱེད་སྒོ་སྤེལ་བ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་ངང་ཞལ་འདེབས་ཕུལ་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་རང་ཉིད་ཀྱི་གཅེས་སེམས་མཚོན་པར་བྱས་པ་རེད།ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ།གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས་སྣེ་འཁྲིད་དེ་ཞལ་འདེབས་ཕུལ་བ་རེད།“4·25”ས་ཡོམ་གྱིས་གཞིས་རྩེ་གྲོང་ཁྱེར་གྱི་གཉའ་ལམ་དང་།སྐྱིད་གྲོང་།དིང་རི་སོགས་རྫོང་ལ་གནོད་འཚེ་ཚབས་ཆེན་ཕོག་ནས་ས་ཆ་དེ་གའི་མང་ཚོགས་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད།གནོད་འཚེའི་གནས་ཚུལ་ཐོན་རྗེས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་འགེག་སེལ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་བྱས་པས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།དེའི་རིང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་གཞིས་རྩེའི་གནོད་འཚེ་ཕོག་པའི་སྤུན་ཟླར་བཅངས་ནས་རྒྱབ་སྐྱོར་དང་རོགས་སྐྱོར་ཤུགས་ཆེན་བྱས་པས་རྒྱ་ཆེའི་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གཏིང་ཟབ་ཚོར་ནས་གཞིས་རྩེ་གྲོང་ཁྱེར་དང་ལྷག་པར་དུ་གེགས་ཁུལ་ལས་བྱེད་མང་ཚོགས་ཀྱི་གནོད་འཚེ་ལས་རྣམ་པར་རྒྱལ་བའི་བློ་སྟོབས་དང་སྙིང་སྟོབས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད།ད་ཐེངས་ཀྱི་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས“ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གང་ལེགས་བཏང་སྟེ་སེར་སྣ་མེད་པར་ཞལ་འདེབས་བརྒྱབ་ནས་གནོད་འཚེ་ཕོག་པའི་མི་དམངས་མང་ཚོགས་ལ་རོགས་སྐྱོར་ཤུགས་ཆེན་དང་།གནོད་འཚེ་ཕོག་པའི་མང་ཚོགས་རྣམས་དཀའ་གནད་ལས་སྒྲོལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རྒྱུར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།བསྡོམས་རྩིས་བརྒྱབ་པར་གཞིགས་ན།ད་ཐེངས་ཀྱི་བྱེད་སྒོའི་ཐོག་གནོད་འཚེ་ཕོག་ཁུལ་ལ་མ་དངུལ་སྒོར244430ཞལ་འདེབས་སུ་ཕུལ་ཡོད་པ་རེད། །