འདི་ནི་ཏེང་ཞའོ་ཀང་གིས་ཐད་འཕུར་གནམ་གྲུའི་ཐོག་གེགས་སེལ་དངོས་རྫས་ཁག་དང་པོར་མཁྱེན་རྟོགས་གནང་བ་དང་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་མི་དམངས་བཅིངས་འགྲོལ་དམག་བཀོད་འཐབ་པར་གཟིགས་པ་དང་འཚམས་འདྲི་གནང་བའི་གནས་ཚུལ་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཚེས27ཉིན་གྱི་ཕྱི་དྲོ་ཁྲེང་ཏུའུ་དམག་ཁུལ་ཁང་གིས་ཐད་འཕུར་གནམ་གྲུ3བཏང་ནས་གཞིས་རྩེ་ཞི་བདེ་གནམ་གྲུ་ཐང་དུ་འབྱོར་བ་དང་གེགས་སེལ་དངོས་རྫས་བླུགས་རྗེས་གེགས་ཁུལ་གྱི་འཐབ་ཕྱོགས་དང་པོར་ཕེབས་པ་རེད།ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ།ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།རང་སྐྱོང་ལྗོངས“4·25”ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏེང་ཞའོ་ཀང་གཞིས་རྩེ་ཞི་བདེ་གནམ་གྲུ་ཐང་དུ་ཕེབས་ནས་མཁའ་ཐོག་ནས་དབོར་བའི་གེགས་སེལ་དངོས་རྫས་ཁག་དང་པོར་གཟིགས་པ་དང་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད།ཁོང་ངོ་མས་ཆུ་དང་སྨན་རྫས་སྒམ་རེ་རེ་བཞིན་ཐད་འཕུར་གནམ་གྲུའི་ཐོག་དབོར་གནང་བ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།གེགས་ཁུལ་གྱི་དངོས་རྫས་མི་འདང་བའི་གནས་ཚུལ་ཞི་ལྷོད་དུ་ཏན་ཏིག་གཏོང་བ་དང་གེགས་ཁུལ་མི་དམངས་ཀྱི་རྒྱུན་གཏན་འཚོ་བ་འགན་ལེན་བྱ་ཆེད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་གེགས་སེལ་དངོས་རྫས་གྲབས་གསོག་མཛོད་ནས་དངོས་རྫས་ཛ་དྲག་ངང་གཏོང་སྤྲོད་བྱས་ཏེ་མཁའ་ཐོག་ནས་གེགས་ཁུལ་དུ་དུས་ཐོག་ངང་བསྐྱལ་བ་རེད།ཁྲེང་ཏུའུ་དམག་ཁུལ་ཁང་གིས་ཁྱོན་ཐད་འཕུར་གནམ་གྲུ9བཏང་བ་དང་ཚེས27ཉིན་གྱི་ཕྱི་དྲོའི་ཆུ་ཚོད15ཙམ་དུ་ཁག་དང་པོའི་ཐད་འཕུར་གནམ་གྲུ3པོ་དེ་གེགས་ཁུལ་གྱི་འཐབ་ཕྱོགས་དང་པོར་འཕུར་བ་དང་ཚེས27ཉིན་གྱི་མཚན་མོའི་ཆུ་ཚོད18ཙམ་དུ་གེགས་ཁུལ་དུ་འབྱོར་ཞིང་།ཁག་དང་པོའི་དངོས་རྫས་ནང་ས་ཡོམ་གེགས་ཁུལ་ལ་དགོས་མཁོ་ཆེ་བའི་འཐུང་ཆུ་དང་།རྒྱུན་མཁོའི་སྨན་རྫས། སྦྲ་གུར་སོགས་ཡོད་པ་རེད།།