བོད་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་ཁག་གི་ཚད་གཞི་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་གཞི་ལས་མཐོ།
གངས་སྐྱིད་ཀྱིས་བསྒྱུར། 2015-04-29
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། ཉེ་ཆར་བོད་ལྗོངས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་དོན། 2014ལོར་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་གི་རིགས་ཆེན་པོ་ལྔའི་ཚད་གཞི་ཁག་ཐམས་ཅད་མཐོར་འདེགས་གསར་པ་བྱུང་སྟེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བས། བོད་ལྗོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ལ་འགན་སྲུང་ནུས་ལྡན་བྱས་ཡོད།
བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་མ་ཞང་ཚུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2014ལོར་བོད་ལྗོངས་ཀྱི་སྤྱི་ཚོགས་ཉེན་འགོག་ཁག་གི་འཚོ་སྐྱོང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། བསྟུད་མའི་ལོ་བཅུ་གཅིག་རིང་ལེགས་སྒྲིག་བྱས་པར་བརྒྱུད། བོད་ལྗོངས་ཁེ་ལས་ཀྱི་ངལ་འཁྱུར་ངལ་གསོ་བྱེད་མཁན་མི་སྣའི་ཟླ་རེའི་གཞི་རྩའི་རྒན་གསོ་མ་དངུལ་ཆ་སྙོམས་སྒོར3338ལ་བསླེབས་ཤིང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་ཀ66མཐོ། སྲིད་གཞུང་གིས་གྲོང་རྡལ་ཡུལ་མི་རེར་ལོ་རེའི་གཞི་རྩའི་སྨན་བཅོས་ཉེན་འགོག་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་སྒོར340ལ་བསླེབས་ཡོད། བསྟུད་མའི་ལོ་གསུམ་རིང་ལེགས་སྒྲིག་བྱས་པར་བརྒྱུད། གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་རྨང་གཞིའི་རྒན་གསོ་མ་དངུལ་སྒོར120ལ་བསླེབས་ཤིང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་ཀ48མཐོ། ལས་རིགས་མི་ཁྱུ་ལ་ལས་རྨས་ཉེན་འགོག་ཡོངས་སུ་ཁྱབ་པ་དང་། སྤྱི་ཚོགས་ཉེན་འགོག་འཚོ་སྐྱོང་ཁག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད།
ན་ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་གཞི་རྩའི་རྒན་གསོ་ཉེན་འགོག་ནང་ཞུགས་ཚད་བརྒྱ་ཆ92.8ལ་བསླེབས་ཤིང་། ཁྱད་པར་དུ་ནག་ཆུ་ས་ཁུལ་གྱི་རྒན་གསོ་ཉེན་འགོག་ནང་ཞུགས་པའི་མིའི་ཐེངས་གྲངས་ཁྲི260.6ལ་བསླེབས་པས་ཉེན་འགོག་འགན་སྲུང་ནང་ཞུགས་ཚད་དེ་བརྒྱ་ཆ60ནས་བརྒྱ་ཆ88ཐོག་མཐོ་རུ་ཕྱིན་ནས་ཕན་ནུས་མངོན་གསལ་དོད་པོར་ཐོབ། མིག་སྔར། བོད་ལྗོངས་སུ་ཞིང་སྡེའི་སྤྱི་ཚོགས་འགན་སྲུང་དང་། གྲོང་རྡལ་ཡུལ་མིའི་གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་སོགས་ཉེན་འགོག་ཆེན་པོ་ལྔའི་ཉེན་འགོག་རིགས་བརྒྱད་ཀྱི་སྤྱི་ཚོགས་ཉེན་འགོག་གི་ལམ་ལུགས་བཙུགས་ཏེ་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དེ་དམངས་ཡོངས་ལ་ཁྱབ་ཡོད་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2014ལོར་བོད་ལྗོངས་ཀྱི་སྤྱི་ཚོགས་ཉེན་འགོག་ཁག་ཏུ་ཞུགས་པའི་མིའི་ཐེངས་གྲངས་ཁྲི260.6ལ་བསླེབས། དེའི་ནང་ཁེ་ལས་ཀྱི་ལས་བཟོ་གཞི་རྩའི་ཉེན་འགོག་ནང་ཞུགས་མཁན་མིའི་ཐེངས་གྲངས་ཁྲི14.7དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་ཉེན་འགོག་ནང་ཞུགས་མཁན་མི་ཁྲི130.29 གྲོང་རྡལ་ལས་བཟོ་གཞི་རྩའི་སྨན་བཅོས་ཉེན་འགོག་ནང་ཞུགས་མཁན་མི་ཁྲི32.55 གྲོང་རྡལ་ཡུལ་མིའི་གཞི་རྩའི་སྨན་བཅོས་ཉེན་འགོག་ནང་ཞུགས་མཁན་མི་ཁྲི25.86 ལས་ཤོར་གྱི་ཉེན་འགོག་ནང་ཞུགས་མཁན་མི་ཁྲི11.8 ལས་རྨས་ཀྱི་ཉེན་འགོག་ནང་ཞུགས་མཁན་མི་ཁྲི23.5 བུ་བཙའི་ཉེན་འགོག་ནང་ཞུགས་མཁན་མི་ཁྲི21.9 བཅས་ཡོད་པ་རེད།
གཞན་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་ཉེན་འགོག་མ་དངུལ་སྒོར་དུང་ཕྱུར25.4སྡུད་ལེན་བྱས་ཤིང་། སྒོར་དུང་ཕྱུར32.6བཏང་བ་དང་། ཉེན་འགོག་མ་དངུལ་སྡུད་པ་དང་གཏོང་བར་ལྟ་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ལོ་སྔ་མར་ཆད་པའི་སྤྱི་ཚོགས་ཉེན་འགོག་ཁག་གི་གྲོན་དངུལ་སྒོར་ཁྲི4408གཙང་བཤེར་དང་ཚུར་སྡུད་བྱས་ཡོད།
མ་ཞང་ཚུན་གྱིས་ངོ་སྤྲོད་བྱས་དོན། 2015ལོར་བོད་ལྗོངས་ཀྱིས་མུ་མཐུད་དེ་སྤྱི་ཚོགས་ཀྱི་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཉེན་འགོག་གི་འཚོ་སྐྱོང་ཚད་གཞི་མཐོ་རུ་གཏང་རྒྱུའི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་། ཁེ་ལས་ཀྱི་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་དེ་ཆ་སྙོམས་ཟླ་རེ་མི་རེར་སྒོར332སྣོན་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་གཞི་རྩའི་རྒན་གསོ་ཉེན་འགོག་གི་རྨང་གཞིའི་རྒན་གསོའི་མ་དངུལ་དེ་ཆ་སྙོམས་ཟླ་རེ་མི་རེར་སྒོར140ཐོབ་པར་ལེགས་སྒྲིག་བྱ་རྒྱུ། སྲིད་གཞུང་གིས་གྲོང་རྡལ་ཡུལ་མིར་ཆ་སྙོམས་ཟླ་རེ་མི་རེར་གཞི་རྩའི་སྨན་བཅོས་ཉེན་འགོག་གི་ཁ་གསབ་མ་དངུལ་སྒོར40སྣོན་ཐུབ་པ་བྱ་རྒྱུ། 2015ལོའི་ལོ་མཇུག་ཏུ་སླེབས་པར་སྤྱི་ཚོགས་ཀྱི་ཉེན་འགོག་ནང་ཞུགས་པའི་མིའི་ཐེངས་གྲངས265ལ་སླེབས་པར་ཁག་ཐེག་ནན་པོ་བྱེད་གང་ཐུབ་བྱ་རྒྱུ་ཡིན་ནོ།།