གེ་སར་རྒྱལ་པོའི་རིག་མཛོད་དཔེ་སྐྲུན་འགྲེམས་སྤེལ་དང་ཞལ་འདེབས་འབུལ་བའི་མཛད་སྒོ་པེ་ཅིང་དུ་སྤེལ།

ཡེ་ཤེས་ཀྱིས་བསྡུས་བསྒྱུར་བྱས།        2019-05-10

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གཏམ་གསར། གེ་སར་རྒྱལ་པོའི་རིག་མཛོད་དཔེ་སྐྲུན་འགྲེམས་སྤེལ་དང་ཞལ་འདེབས་འབུལ་བའི་མཛད་སྒོ་དེ་ཟླ་བ3པར་པེ་ཅིང་དུ་སྤེལ་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་པ་ཐེར་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    པ་ཐེར་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏང་རྒྱུར་ཆེ་མཐོང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《གླིང་སྒྲུང》སོགས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་སྐོར་ཡང་ཡང་གླེང་མྱོང་ཞིང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཚུད་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་ཅན་དུ་བསྒྱུར་པ་དང་གསར་གཏོད་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    པ་ཐེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་ཞིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། རིག་གནས་ཀྱི་གདེང་ཚོད་བརྟན་པོ་བྱེད་ཅིང་། རིག་གནས་ཀྱི་མོས་མཐུན་ཆེ་རུ་གཏང་དགོས། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་དགོས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་གཅིག་སེམས་གཅིག་གིས་ཐུན་མོང་ངང་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་དགའ་བསུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ལྷ་མོའི་ཟློས་གར་རིགས་བཤེར་ལས་དོན་ཡོངས་སུ་གྲུབ།
  • ལེ་ཚན་རྗེས་མ།:ཝང་དབྱང་གིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ60འཁོར་བའི་ཆེད་དོན་འགྲེམས་སྟོན་ལ་གཟིགས་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།