རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རྒན་གསོའི་ཞབས་ཕྱི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2019-04-24

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རྒན་གསོའི་ཞབས་ཕྱི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས་ནས་ཞིབ་ཕྲའི་བྱེད་ཐབས28བཏོན་ཏེ་རྒན་གསོའི་ཞབས་ཕྱི་ཁྲོད་ཀྱི་དཀའ་གནད་སེལ་བའི་དུས་མཚུངས་སུ། རྒན་འཁོགས་དང་དེ་ཚོའི་བུ་རྒྱུད་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཉེན་མེད་སྣང་ཚོར་ཇེ་དྲག་ཏུ་གཏོང་བ་རེད། འབྲེལ་ཡོད་མི་སྣ་དང་ཆེད་ལས་མཁས་ཅན་ཚོས་གཤམ་གསལ་གྱི་ཕྱོགས་ལྔའི་ཐད་ནས་སྔར་ལས་ལྷག་པར《བསམ་འཆར》གྱི་གལ་ཆེའི་དོན་སྙིང་དང་ནུས་པ་གསེད་འགྲེལ་བྱས་པ་རེད།

    གཙོ་གནད་གཅིག་ནི། བྱེད་ཐབས་ལྔ་ཡི་ཐོག་ནས་རྒན་གསོ་ཁང་དུ་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིའི་ཐོག་ནས་མཚོན་དོན། རང་རྒྱལ་ལ2018ལོའི་ལོ་མཇུག་ལ་བསླེབས་དུས་ལོ་ན60དང་དེའི་ཡན་ཆད་སོན་པའི་མི་འབོར་དུང་ཕྱུར2.49ཡོད་པ་དེ་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ17.9ལ་ཟིན་པ་རེད། 2018ལོའི་ལོ་མཇུག་བར་རང་རྒྱལ་གྱི་རྒན་གསོ་ཞབས་ཕྱི་ལས་ཁུངས་དང་སྡེ་ཚན་ཁྱོན་བསྡོམས་ཁྲི16.38ཡོད་ཅིང་། དགེ་གསོའི་ཉལ་ཁྲིའི་བསྡོམས་འབོར་ཁྲི746.3ཡོད་པ། དགེ་གསོ་ཁང་དུ་བསྡད་རྒྱུ་མི་ལོན་པ་དང་སྡོད་སའི་གྲོན་དངུལ་མེད་པ། སྡོད་པའི་ཆ་རྐྱེན་ཞན་པའི་གནད་དོན་ཧ་ཅང་འབུར་དུ་ཐོན་པ་རེད།

    དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཞའོ་ཕིང་གིས་བཤད་དོན། 《བསམ་འཆར》གྱི་ནང་དམིགས་སུ་བཀར་ནས་གོང་སྨོས་ཀྱི་གནད་དོན་ལ་གཞིགས་ཏེ་གཞི་རྩའི་ཞབས་ཕྱི་འདོན་སྤྲོད་དང་། ཕྱོགས་མང་པོའི་ཐད་ཀྱི་དགོས་མཁོ་སྐོང་བ གཏོང་སྤྲོད་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་ཞུགས་པར་རྒྱབ་སྐྱོར། ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་ཕྱོགས་ལྔའི་ཐད་ནས་སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད་པ་རེད།

    གཙོ་གནད་གཉིས་ནི། སྤྱི་ཚོགས་ཀྱི་ནུས་ཤུགས་དེ་རྒན་གསོའི་ཞབས་ཕྱི་ནང་ཞུགས་གནས་གཅིག་བསྡུས་ཀྱིས་དཀའ་གནད་སེལ་བ་རེད།

    —སྔར་ལས་ལྷག་པར་ལས་རིགས་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་རེད། དཔེར་ན། སྨན་བཅོས་དང་རྒན་གསོ་ལས་ཁུངས་བཙུགས་པའི་གོ་རིམ་ཉུང་བསྡུ་བྱས་ནས་ཐེངས་གཅིག་ལ་སྒྲུབ་ཐུབ་པ་བྱས་ཡོད། རྒན་གསོ་ལས་ཁུངས་སུ་སྨན་བཅོས་ཁང་དང་། འཕྲོད་བསྟེན་ཁང་སོགས་འཛུགས་རྒྱུའི་སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་འགོད་རྒྱུ་དང་ཐོ་འགོད་སྙན་སེང་ཐོག་དོ་དམ་སོགས་མེད་པ་བཟོ་རྒྱུ་རེད།

    —སྔར་ལས་ལྷག་པར་མ་དངུལ་སྡུད་རུབ་ཀྱི་ཐབས་ལམ་རྒྱ་སྐྱེད་གཏང་རྒྱུ་རེད། དཔེར་ན་ཆ་རྐྱེན་འཛོམས་པའི་ཚོང་ར་ཅན་དང་ཚད་ལྡན་ཅན་མཐོན་པོ་ཡིན་པའི་རྒན་གསོ་ཞབས་ཕྱིའི་ཁེ་ལས་ནང་མ་དངུལ་སྡུད་རུབ་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་རེད། ཚོང་ལས་ཉེན་འགོག་འགན་སྲུང་ལས་ཁུངས་ཀྱིས་རྒན་གསོ་ལས་ཁུངས་བཙུགས་པ་ཡང་ན་རྒན་གསོ་ཞབས་ཕྱིའི་ལས་ཁུངས་བསྐྲུན་པ་དང་བདག་གཉེར་བྱེད་པའི་ནང་ཞུགས་པ་ལ་རྒྱབ་སྐྱོར་བྱ་དགོས་པ་བཅས་རེད།

    —རྒན་གསོའི་ཞབས་ཕྱི་སྒྲིག་ཆས་བསྐྲུན་ས་འདོན་སྤྲོད་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏང་རྒྱུ་རེད། དཔེར་ན་ཁེ་གཉེར་བའི་རང་བཞིན་མིན་པའི་རྒན་གསོ་ཞབས་ཕྱིའི་ལས་ཁུངས་འཛུགས་པ་དེ་ཐོ་འགོད་ལས་ཁུངས་ཀྱིས་བཏང་བའི་སྤྱི་ཚོགས་ཞབས་ཕྱི་ལས་ཁུངས་ཀྱི་ཐོ་འགོད་ལག་ཁྱེར་དང་དེ་མིན་གྱི་ཁྲིམས་བཀོད་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ནས་ས་འདོན་སྤྲོད་བྱ་རོགས་བྱེད་ཆོག་པ་རེད། ས་གནས་ཁག་གིས་ཐུན་མོང་གི་འཛུགས་སྐྲུན་སྤྱོད་ས་སྤྱད་དེ་རྒན་གསོའི་ཞབས་ཕྱི་སྒྲིག་ཆས་འཕེལ་རྒྱས་གཏོང་བར་སྐུལ་མ་གཏང་རྒྱུ་རེད།

    —ཁྱིམ་སྡོད་དང་འདུས་སྡེ་ཁུལ། ལས་ཁུངས་བཅས་ཀྱིས་མཉམ་འདྲེས་བྱས་ནས་རྒན་གསོ་བྱེད་སྟངས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་རྒྱུ་རེད། དཔེར་ན་རྒན་གསོ་ལས་ཁུངས་ཀྱིས་འདུས་སྡེ་ཁུལ་གྱི་ཁྱིམ་དུ་བསྡད་པའི་མི་རྒན་ལ་སྒྲིག་ཆས་བདག་གཉེར་བྱས་པ་དང་ཁྱིམ་དུ་ཕྱིན་ནས་ཞབས་ཕྱི་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ་དང་། དངོས་ཟོང་ལས་རིགས་ཞབས་ཕྱིའི་ཁེ་ལས་ཀྱིས་མི་རྒན་ལ་ཟ་མ་འདོན་སྤྲོད་བྱེད་པ་དང་དུས་བཀག་ནང་སྐོར་སྐྱོད་འཚམས་འདྲི་བྱེད་པ་སོགས་རྒན་གསོའི་ཞབས་ཕྱི་སྣ་ཚོགས་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད།

    — རྒྱུན་མཐུད་དུ་བདག་གཉེར་གྱི་ཁོར་ཡུག་ལེགས་འགྱུར་བྱ་རྒྱུ་རེད། དཔེར་ན་རྒན་གསོ་ཞབས་ཕྱི་ལ་ཚོད་ལྟ་ཚད་ལེན་དང་དབྱེ་ཞིབ། འཕེལ་རྒྱས་ལ་གདེང་འཇོག་བྱེད་པའི་ནང་རྐྱེན་བཙུགས་ཏེ་རྒན་གསོའི་ཞབས་ཕྱི་ལས་རིགས་བསྡོམས་རྩིས་དང་ལྟ་སྐུལ་ཚད་ལེན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏང་རྒྱུ་རེད།

    གཙོ་གནད་གསུམ་ནི། རྒན་གསོའི་ཞབས་ཕྱི་ལས་རིགས་ཀྱི་བཟང་ངན་མཉམ་འདུས་དང་ལྟ་སྐུལ་དོ་དམ་བྱེད་ནུས་ཞན་པའི་དཀའ་གནད་ཐག་གཅོད་བྱ་རྒྱུ་རེད།

    གཅིག་ནི་ལས་ཀའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏང་རྒྱུ། དཔེར་ན་རྒན་གསོའི་ཞབས་ཕྱི་ཐད་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དེ་སྲིད་གཞུང་གི་ལོ་འཁོར་གྱི་ལས་ཆོད་གླ་ཕོགས་དཔྱིད་ཞིབ་ཀྱི་ཁྱབ་ཁོངས་ནང་འཇོག་རྒྱུ་ཡིན་པ་རེད། གཉིས་ནི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་པའི་ནང་རྐྱེན་འཛུགས་རྒྱུ། དཔེར་ན་རྒན་གསོ་ཞབས་ཕྱི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། ཚོང་ལས་དངུལ་ཁང་སོགས་དངུལ་ཁང་གཞན་གྱིས་མ་དངུལ་དོ་དམ་བྱེད་པའི་བྱེད་སྟངས་འཛིན་ནས་རྒན་གསོ་མ་དངུལ་དོ་དམ་དང་བེད་སྤྱོད་ཉེན་མེད་བྱེད་པར་ཁག་ཐེག་ནན་པོ་བྱེད་པ། རྒན་གསོ་ལས་ཁུངས་ཀྱི་བཟའ་བཅའ་ཉེན་མེད་ཡིན་མིན་ལ་ལྟ་སྐུལ་དོ་དམ་བྱེད་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏང་རྒྱུ་བཅས་རེད། གསུམ་ནི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏང་རྒྱུ་རེད། རྒན་གསོ་ལས་ཁུངས་ཀྱི་གཞི་རྩའི་ཞབས་འདེགས་སྤུས་ཚད་ཉེན་མེད་ཡིན་པར་ཁག་ཐེག་ནན་པོ་བྱེད་ཐུབ་པའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་གཏན་འབེབས་བྱས་ནས་རྒྱལ་ཡོངས་སུ་གཅིག་གྱུར་གྱི་རྒན་གསོ་ཞབས་ཕྱི་རིམ་པར་དཔྱད་བསྡུར་གཏན་འབེབས་དང་དཔང་བདེན་ར་སྤྲོད་བྱེད་པའི་ལམ་ལུགས་ལག་ལེན་བསྟར་བར་སྐུལ་འདེད་གཏང་རྒྱུ་བཅས་རེད།

    གཙོ་གནད་བཞི་ནི། རྒན་གསོ་ལས་ཁུངས་ཀྱི་མེ་འགོག་མེ་གསོད་དང་ཉེན་མེད་ཀྱི་མ་མཐའི་ཚད་གཞི་སྲུང་དགོས།་པ་རེད།

    བྱེད་ཐབས་སྟོང་དང་ཁྲི་ཡོད་ཆོག། ཉེན་མེད་ནི་ཨང་དང་པོ་ཡིན་དགོས། རྒན་གསོ་ལས་ཁུངས་ཀྱི་མེ་འགོག་མེ་གསོད་དང་ཉེན་མེད་ཀྱི་གནད་དོན་ལ་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱས་དང་བྱེད་བཞིན་ཡོད་པ་རེད།《བསམ་འཆར》གྱི་ནང་མེ་འགོག་མེ་གསོད་དང་ཉེན་མེད་དང་འབྲེལ་བའི་གནད་དོན་ཁག3ཡོད་པ་དེའི་ནང་རྒན་གསོ་ལས་ཁུངས་ཀྱི་མེ་འགོག་མེ་གསོད་གནས་ཚུལ་ལ་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་གནད་དོན་དང་། རྒན་གསོ་ཞབས་ཕྱི་ལས་རིགས་ཀྱི་མེ་འགོག་མེ་གསོད་དང་ཉེན་མེད་བྱ་རྒྱུ་དེ་ཚད་གཞི་ཅན་དུ་དོ་དམ་བྱེད་པར་སྐུལ་འདེད་གཏོང་བ་དང་དམངས་གཉེར་གྱི་རྒན་གསོ་ལས་ཁུངས་ཀྱི་མེ་འགོག་མེ་གསོད་དང་ཉེན་མེད་དེ་ཚད་གཞི་ཐོག་བསླེབས་པའི་ལས་གྲྭ་ལག་ལེན་བསྟར་བ་བཅས་འདུས་ཡོད་པ་རེད།

    གཙོ་གནད་ལྔ་ནི། རྒན་གསོ་ལས་རིགས་ལ་ཞུགས་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་སྤྱི་ཚོགས་ཀྱིས་དེ་ཚོར་ཁས་ལེན་ཚད་མཐོ་རུ་གཏང་རྒྱུ་རེད།

    《བསམ་འཆར》གྱི་ནང་དམིགས་སའི་རང་བཞིན་གྱི་སྒོ་ནས་བྱེད་ཐབས3བཏོན་ཡོད་པ་རེད། དེའི་ནང་རྒན་གསོའི་ནད་གཡོག་པའི་ལས་རིགས་ཀྱི་ལག་རྩལ་འཇོན་ནུས་སོགས་ཀྱི་རིམ་པ་ལ་ངོས་མཐའ་གཅིག་ཏུ་འཛིན་པ་དང་སློབ་གསོའི་གསོ་སྐྱོང་སྦྱོང་བསྡར་བྱེད་པའི་ལམ་ལུགས་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་གཏོང་བ། རྒན་གསོའི་ཞབས་འདེགས་ལས་རིགས་ཀྱིས་ལས་ཞུགས་བྱ་རྒྱུར་བསྡུས་པར་སྐུལ་འདེད་གཏོང་བ། རྒན་གསོ་ཞབས་འདེགས་ཡག་པོ་ཞུ་བར་བྱ་དགའ་སྤྲོད་པའི་ནང་རྐྱེན་འཛུགས་རྒྱུ་བཅས་འདུས་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:ཕ་རི་སིའི་འཕགས་མ་ལྷ་ཁང་ཉམས་བཟོ་བྱ་རྒྱུའི་སྐོར་ལ་ཧྥ་རན་སིའི་ལས་རིགས་ཁག་ནས་ཨ་སྒོར་དུང་ཕྱུར་ཁ་ཤས་ཞལ་འདེབས་འབུལ་རྒྱུ་དང་ལེན་བྱས་པ།
  • ལེ་ཚན་རྗེས་མ།:2019ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་ཚོགས།
  • དོ་སྣང་ཆེ་བའི་རྩོམ།