ཚོགས་ཆེན་གཉིས་ཀྱི་ཤེས་བྱ།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2019-03-08

ཚོགས་ཆེན་གཉིས་ཀྱི་ཤེས་བྱ།


གཅིག  ཅི་ཞིག་ལ་ཚོགས་ཆེན་གཉིས་ཟེར་བ་རེད་དམ།

    ལན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་གཉིས་ལ་ཟེར་བ་རེད། ལོ་རེའི་ཟླ་བ་གསུམ་པའི་སྔོན་རྗེས་སུ་འཚོག་སྲོལ་ཡོད་ཅིང་། གྲོས་རིམ་ཕལ་ཆེར་དུས་མཉམ་སྤེལ་བས་ཚོགས་ཆེན་གཉིས་ཞེས་ཟེར་བ་རེད། ལོ་ལྔ་རེ་ལ་ཚོགས་ཆེན་གཉིས་ཀྱི་སྐབས་རེ་ཟེར་བ་དང་། ལོ་རེའི་ཚོགས་འདུ་ལ་སྐབས་ག་གེ་མོའི་གྲོས་ཚོགས་ཐེངས་ག་གེ་མོ་ཞེས་ཟེར་བ་རེད།

གཉིས།  ད་ལོའི་ཚོགས་ཆེན་གཉིས་ཀྱི་མིང་ཅི་འདྲ་རེད།

   ལན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་ཆེན་ཐེངས་གཉིས་པ་ཟེར་དགོས་རེད།

གསུམ།  ཚོགས་ཆེན་གཉིས་ཀྱི་འཚོག་ཡུན་ག་ཚད་ཡིན་པ་རེད་དམ།

   ལན། ཉེ་དུས་ལོ་དྲུག་གི་ཚོགས་ཆེན་གཉིས་འཚོག་པའི་འཚོག་ཡུན་ལ་བལྟས་ན་ཉིན11ནས18བར་ཡིན་པ་རེད།

བཞི།  ཚོགས་ཆེན་གཉིས་ཅིའི་ཕྱིར་ཟླ་བ་གསུམ་པར་འཚོག་པ་རེད།

   ལན། ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནི་ཉམས་མྱོང་ཕྱོགས་བསྡོམས་དང་རྒྱུན་སྲོལ་ལ་བརྩི་སྲུང་བྱས་པའི་རྨང་གཞིའི་ཐོག་གཏན་འཁེལ་བྱས་པ་རེད། རྒྱལ་ཡོངས་དམངས་ཆེན་གྱི་འགན་འཁྲི་གལ་ཆེན་ཞིག་ནི་ལས་ཀའི་སྙན་སེང་དང་སྔོན་རྩིས་ལ་ཆོག་མཆན་གནང་རྒྱུ་དེ་ཡིན་ཞིང་།ལོ་རེའི་དུས་ཚིགས་གཅིག་གི་སྔོན་རྩིས་གཏོང་སྒོ་ཅུང་མང་ཞིང་ལོ་ཧྲིལ་པོའི་གཏོང་སྒོའི་གསུམ་ཆ་གཅིག་ཡིན་པས་རྒྱལ་ཡོངས་དམངས་ཆེན་གྱིས་སྔོན་རྩིས་ལ་ཆོག་མཆན་གནང་ཚེ་ཕྱི་འགྱངས་དེ་ཙམ་བྱེད་མི་རུང་བ་རེད།ནོར་སྲིད་ཀྱི་ལོ་འཁོར་ནི་རང་བྱུང་ལོ་འཁོར་ལ་བརྟེན་ནས་བརྩིས་པ་ཡིན་ཞིང་།གལ་ཏེ་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་སྔ་དྲགས་ན།འབྲེལ་ཡོད་དན་གྲངས་བསྡོམས་རྩིས་བརྒྱབ་མི་ཐུབ་ཅིང་།སྔ་ལོའི་གནས་ཚུལ་ལ་གཞིགས་ནས་སྔོན་རྩིས་གཏན་འབེབས་བྱ་དགོས་པས་ཡང་དག་པ་འོང་ཐུབ་ཀྱི་མེད།ཟླ་བ3པར་འཚོག་པ་ཡིན་ན། བསྡོམས་རྩིས་དང་ཕྱོགས་བསྡོམས་བྱེད་པར་དུས་ཚོད་འདང་ངེས་ཡོད་པ་རེད།དེ་མིན་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དང་འབྲེལ་བ་ཡོད་ཅིང་།ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་ནི་ཟླ་བ་དང་པོའི་ཟླ་མཇུག་དང་ཟླ་བ་གཉིས་པའི་འགོར་ཡིན་ཞིང་།ལོ་སར་རྗེས།འཐུས་མི་དང་ཨུ་ཡོན་རྣམས་ལ་གྲ་སྒྲིག་གི་དུས་ཚོད་བཞག་པའི་རྒྱུ་མཚན་ལ་ཡང་བསམ་བློ་བཏང་ཡོད་པ་རེད། 

 ལྔ།  འཐུས་མི་དང་ཨུ་ཡོན་གཉིས་ཇི་ལྟར་བདམ་དགོས་པ་རེད་དམ།

   ལན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཆེས་མཐོ་བ་དེ་ཡིན་ཞིང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་ཀྱིས་ཆབ་སྲིད་གྲོས་མོལ་བྱེད་སའི་ལས་ཁུངས་གལ་ཆེན་ཡིན་པ་རེད། རྫོང་དང་ཤང་རིམ་པའི་དམངས་ཆེན་འཐུས་མི་ནི་འདེམས་དམངས་ཀྱིས་ཐད་ཀར་འདེམས་ཤོག་འཕངས་ནས་བདམ་དགོས་ཤིང་། རྒྱལ་ཡོངས་དང་ཞིང་ཆེན། ས་ཁུལ་གསར་འཛུགས་བྱས་ཡོད་པའི་གྲོང་ཁྱེར། རང་སྐྱོང་ཁུལ་བཅས་རིམ་པའི་འཐུས་མི་ནི་རིམ་པ་འོག་མའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་འདེམས་བསྐོ་བྱ་དགོས། འཐུས་མིའི་འོས་མིར་འདེམས་ཤོག་འཕེན་མཁན་འདེམས་མིས་འཕངས་པའི་འདེམས་ཤོག་གི་ཕྱེད་ཀ་ལས་བརྒལ་བ་ཡིན་ན་གཞི་ནས་བདམ་ཐོན་བྱ་ཆོག་པ་རེད། སྲིད་གྲོས་ཨུ་ཡོན་ཡིན་ན་ཐོག་མར་མིང་བཏོན་ནས་འོས་སྦྱོར་བྱས་རྗེས། གྲོས་མོལ་བྱས་ནས་མིང་ཐོ་གཏན་འཁེལ་བྱ་དགོས། དེ་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་གྲོས་འཆམ་བྱུང་རྗེས། ཡོངས་བསྒྲགས་བྱས་ན་ཆོག་པ་རེད།

དྲུག  འཐུས་མི་དང་ཨུ་ཡོན་གཉིས་ཀྱི་འགན་ནུས་གང་རེད།

     ལན། དམངས་ཆེན་འཐུས་མིའི་འགན་ནུས་གཙོ་བོ་ནི་རྒྱལ་ཁབ་ཀྱི་དབང་ཆའི་ཁྲོད་དུ་ཞུགས་ཤིང་དབང་ཆ་བེད་སྤྱོད་གཏང་རྒྱུ་ཡིན་ལ། སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་གཙོ་བོ་ནི་སྲིད་ཞུགས་སྲིད་གླེང་བྱ་རྒྱུ་ཡིན་པ་རེད།

བདུན།  གྲོས་གཞི་དང་གྲོས་འཆར་གྱི་ཁྱད་པར་གང་ཡིན།

  ལན། གྲོས་འཆར་དང་གྲོས་གཞི་འདོན་མཁན་གྱི་བྱེད་པོ་མི་འདྲ་བ་རེད། དམངས་ཆེན་འཐུས་མིས་གྲོས་གཞི་འདོན་དགོས་ཤིང་།  མི་དམངས་འཐུས་མིའི་ཚོགས་ཆེན་ནི་དབང་ཆའི་ལས་ཁུངས་ཡིན་པས་དམངས་ཆེན་འཐུས་མིའི་གྲོས་གཞི་དེར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས་བཅའ་ཁྲིམས་ཀྱི་གཅུན་འདོམས་ནུས་པ་ཡོད་པ་རེད། གྲོས་འཆར་ནི་སྲིད་གྲོས་ཨུ་ཡོན་གྱིས་འདོན་དགོས་ཤིང་། དམངས་གཙོ་ལྟ་སྐུལ་གྱི་བྱེད་ཐབས་ཤིག་ཡིན་ལ་སྲིད་ཞུགས་སྲིད་གླེང་དང་གནད་དོན་གལ་ཆེན་ལ་གྲོས་འཆར་འདོན་དགོས་ལས་བཅའ་ཁྲིམས་ཀྱི་གཅུན་འདོམས་ནུས་པ་མེད་པ་རེད། 

བརྒྱད།  སྐབས་དབྱེ(届别)དང་རིགས་ཁོངས(界别)ཀྱི་ཁྱད་པར་གང་རེད།

   ལན། སྐབས་དབྱེ་ནི་དུས་ཚོད་ཀྱི་ཆ་ནས་བཤད་པ་ཡིན་ལ་སྐབས་དགུ་པ་དང་བཅུ་པ། སྐབས་གོང་མ་དང་སྐབས་འདི་སོགས་ཟེར་བ་རེད། རིགས་ཁོངས་ནི་སྲིད་གྲོས་ཨུ་ཡོན་གྱི་ལས་ཀའི་ཁྱབ་ཁོངས་ཀྱི་དབྱེ་བའི་ཆ་ནས་བཤད་པ་ཡིན་ཞིང་། དཔེར་ན་དཔལ་འབྱོར་རིགས་ཁོངས་ཀྱི་ཨུ་ཡོན་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་སོགས་ལྟ་བུ་རེད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ལ་རིགས་ཁོངས34ཡོད་པ་རེད། 

དགུ།  སྐབས་དང་ཐེངས་ཀྱི་ཁྱད་པར་ཅི་འདྲ་རེད།

     ལན། ཡང་དག་པའི་བརྗོད་སྟངས་ནི་སྐབསXཔའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངསXཔ་ཞེས་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབསXཔའི་གྲོས་ཚོགས་ཐེངསXཔ་ཞེས་པ་དེ་རེད། 

བཅུ།  རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གཉིས་ཀྱི་ཁྱད་པར་ཅི་འདྲ་རེད།

  ལན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཡིན་ཞིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བསྡུས་མིང་ཡིན་ལ། རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ཁག་གི་རྒྱུན་འཛུགས་ལས་ཁུངས་ཡིན་པས་དེ་གཉིས་འཁྲུལ་དུ་འཇུག་མི་རུང་ངོ་།

བཅུ་གཅིག  དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ལ་དམངས་ཆེན་རྒྱུན་ཨུ་ཞེས་ཟེར་ཆོག་གམ།

  ལན། དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཞེས་པ་ལས་རྒྱུན་ཨུ་ཞེས་པའི་གོ་གནས་མེད་པ་རེད། ག་གེ་མོ་ནི་དམངས་ཆེན་རྒྱུན་ཨུ་དང་ཡང་ན་དམངས་ཆེན་རྒྱུན་ཨུ་ག་གེ་མོ་ཞེས་པའི་བཤད་སྲོལ་ནི་ཡང་དག་པ་མིན་ཞིང་། ཡང་དག་པའི་བརྗོད་སྟངས་ནི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཞེས་ཟེར་དགོས་པ་རེད། 

བཅུ་གཉིས། གྲོབ་ཞིབ་དང་གྲོས་བསྡུར་གཉིས་ཀྱི་ཁྱད་པར་གང་རེད།

  ལན། དམངས་ཆེན་འཐུས་མིས་སྲིད་གཞུང་ལས་དོན་སྙན་སེང་སོགས་ལ་གྲོས་ཞིབ་བྱ་དགོས་ལ། སྲིད་གྲོས་ཨུ་ཡོན་གྱིས་སྲིད་གཞུང་ལས་དོན་སྙན་སེང་སོགས་ལ་གྲོས་བསྡུར་བྱ་དགོས་པ་རེད། 

བཅུ་གསུམ། འཐུས་མི་དང་ཨུ་ཡོན་ཚོས་གྲོས་གཞི་དང་གྲོས་འཆར་འདོན་པར་ཕུད་ད་དུང་ལས་ཀ་གཞན་དག་གང་ཞིག་བསྒྲུབ་དགོས་པ་རེད་དམ།

   ལན། ལོ་རེའི་ཚོགས་ཆེན་གཉིས་ལ་སྙན་སེང་ཆེན་པོ་དྲུག་ཁྱབ་བསྒྲགས་བྱ་དགོས་ཤིང་། དམངས་ཆེན་འཐུས་མིས་སྙན་སེང་ལ་གྲོས་ཞིབ་བྱ་དགོས་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་གྲོས་བསྡུར་བྱ་དགོས་པ་རེད། སྙན་སེང་ཆེན་པོ་དྲུག་ནི། སྲིད་གཞུང་ལས་ཀའི་སྙན་སེང་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་དང་ལག་བསྟར་སྙན་སེང་། ནོར་སྲིད་སྔོན་རྩིས་སྙན་སེང་། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་སེང་། མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་སེང་། མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སེང་བཅས་རེད།

བཅུ་བཞི། ཚོགས་ཆེན་གཉིས་དོན་ཆེན་ཡིན་ཟེར་དོན་གང་ཡིན།

  ལན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྒྲིག་བཟོ་དང་དག་བཅོས་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་འདེམས་བསྐོ་བྱ་རྒྱུ་སོགས་རྒྱལ་ཁབ་ཀྱི་དོན་ཆེན་ཚང་མ་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་གྲོས་བསྡུར་བྱ་དགོས་པ་དང་། ཚོགས་ཆེན་གཉིས་ཀྱི་ཐོག་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིམ་པ་ཁག་གི་གྲོས་འགོ་མང་པོ་དང་འབྲེལ་བ་ཡོད་ཅིང་། རྒྱ་ཆེ་བའི་འདེམས་དམངས་ཀྱིས་བསམ་འཆར་དང་རེ་འདུན་བཤད་པའི་གོ་སྐབས་བཟང་ཤོས་ཡིན་པ་རེད། ལོ་རེའི་ཚོགས་ཆེན་གཉིས་ཀྱི་དུས་སུ། སྲིད་གཞུང་གིས་འདས་པའི་ལོ་གཅིག་གི་ལས་ཀར་ཕྱིར་མིག་བལྟས་པ་དང་དེ་ནས་ལོ་རྗེས་མའི་སྲིད་ཇུས་གལ་ཆེན་སྙན་སེང་ཞུ་རྒྱུ་རེད། སྲིད་ཇུས་དེ་དག་གིས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཅིང་མི་མང་གི་རེ་སྒུག་མཚོན་ཡོད་པ་རེད།

བཅོ་ལྔ། དབང་ཆ་(权力)དང་ཁེ་དབང་(权利)བར་གྱི་ཁྱད་པར་ཅི་འདྲ་རེད།

   ལན། དབང་ཆ་ནི་ཆབ་སྲིད་དང་ཡང་ན་འགན་འཁྲིའི་ཁྱབ་ཁོངས་ནང་གི་དྲག་ཤུགས་ངེས་ཅན་ནམ་བཀོད་འདོམས་སྟོབས་ཤུགས་ཤིག་ལ་ཟེར་བ་ཡིན་ཞིང་། དམངས་ཆེན་འཐུས་མིས་བཅའ་ཁྲིམས་ཀྱིས་སྤྲད་པའི་དབང་ཆ་བེད་སྤྱོད་བྱེད་པ་རེད། དབང་ཆ་ཞེས་པའི་ཐ་སྙད་དེ་དབང་ཆའི་ལས་ཁུངས་དང་དབང་ཆའི་སྡེ་ཚན་སོགས་དང་སྦྱར་ཆོག་པ་རེད། ཁེ་དབང་ཞེས་པ་ནི་མི་སྒེར་བྱེ་བྲག་བ་ལ་འཇུག་པ་སྟེ། དཔེར་ན་སྤྱི་འབངས་ཀྱི་ཁེ་དབང་ག་གེ་མོ་ལོངས་སུ་སྤྱོད་ཐུབ་ཡོད་ལྟ་བུ།

བཅུ་དྲུག  ཟུར་ཞུགས་མི་སྣ་ལ་ཟུར་ཞུགས་འཐུས་མི་ཞེས་ཟེར་ཆོག་གམ།

  ལན། ད་ལྟ་རང་རྒྱལ་བཅའ་ཁྲིམས་སུ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ལ་ཟུར་ཞུགས་འཐུས་མི་ཞེས་པའི་གཏན་འབེབས་དང་འབོད་སྲོལ་མེད་པ་རེད། ཟུར་ཞུགས་མི་སྣ་ཞེས་པ་ནི་བཅའ་ཁྲིམས་དང་རྒྱུན་སྲོལ་ལྟར་གྲོས་ཚོགས་སུ་གདན་འདྲེན་ཞུས་ནས་ཟུར་ཞུགས་བྱེད་མཁན་གྱི་མི་སྣ་ལ་ཟེར་བ་ཡིན་ཞིང་། དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཐག་གཅོད་ནས་གདན་འདྲེན་ཞུ་ཆོག་ལ་གྲ་སྒྲིག་ཚོགས་འདུའི་ཐོག་གྲོབ་ཞིབ་བྱས་ནས་གྲོས་འཆམ་བྱུང་མི་དགོས་པ་རེད། བཅའ་ཁྲིམས་སུ་ད་དུང་དམངས་ཆེན་འཐུས་མི་རྣམས་དམངས་ཆེན་དང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གྲོས་ཚོགས་སུ་ཟུར་ཞུགས་བྱེད་ཆོག་ལ། དེ་ཡང་ཟུར་ཞུགས་མི་སྣའི་ཆ་ནས་ཟུར་ཞུགས་བྱས་པ་ལས་ཟུར་ཞུགས་འཐུས་མིའི་ཆ་ནས་ཟུར་ཞུགས་བྱེད་པ་མིན་པ་གཏན་འབེབས་བྱས་ཡོད།།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་པར་རིས་རགས་བཀོད།
  • ལེ་ཚན་རྗེས་མ།:རེ་བས་ཁེངས་པའི2019ལོ།
  • དོ་སྣང་ཆེ་བའི་རྩོམ།