ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    མིག་དམར་རྒྱ་མཚོ་བཅས་ཀྱིས་བསྒྱུར།    2019-03-07

   ཞི་ཅིན་ཕིང་གིས་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། མེས་རྒྱལ་བྱང་ཕྱོགས་མཐའ་མཚམས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་གསུངས་གནང་བ།

   སྤྱི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་གནས་སའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། སྦགས་མེད་གོང་འཕེལ་གྱིས་སྟོན་ཕྱོགས་བྱས་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ། སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ། མེས་རྒྱལ་བྱང་ཕྱོགས་མཐའ་མཚམས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་གསུངས་གནང་ཡོད།

   ཞི་ཅིན་ཕིང་ཚོགས་རའི་ནང་ཕེབས་སྐབས་ཚང་མར་ཡར་ལངས་ཏེ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད། ཨེ་ཝུན་ཁེ་རིགས་ཀྱི་འཐུས་མིས་ཞི་ཅིན་ཕིང་ལ་མཇལ་དར་སྔོན་པོ་བསྒྲོན་ཏེ་ནང་སོག་མི་རིགས་ཁག་གི་མང་ཚོགས་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིར་གུས་བཀུར་ཞུ་ལུགས་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་ཞུས་པ་རེད།

   ཀྲང་ཅི་ཤིན་དང་། ཡུའེ་ལི་ཤིན། ལི་ཡུའེ་ལེའང་། སོ་ཧྲུའུ་ཧུའེ། ཝུ་ཡུན་པོ། ཀྲའོ་ཅང་ཐའོ། ལིའུ་ཡ་ཧྲེང་། ཀུང་མིང་ཀྲུའུ་སོགས་འཐུས་མི་བརྒྱད་ནས་ཁག་སོ་སོར་གཞི་རིམ་ལས་བྱེད་པའི་འགོ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བ། དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པ། ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་མཐོ་རུ་གཏོང་བ། ནད་གཞི་ཆེན་པོའི་མ་མཐའི་འགན་སྲུང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཀྱི་ནུས་ཁུངས་དཔལ་འབྱོར་འཛུགས་སྐྱོང་སོགས་ཀྱི་གནད་དོན་ཐད་གཏམ་བཤད་སྤེལ་ཡོད། ཞི་ཅིན་ཕིང་གིས་སྐབས་སྐབས་སུ་ཚང་མ་དང་སྤེལ་རེས་གནང་བ་དང་མཇུག་ཏུ་གསུང་བཤད་གནང་ཡོད། ཞི་ཅིན་ཕིང་གིས། སྲིད་གཞུང་ལས་དོན་སྙན་ཞུས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མངོན་ཡོད་པ་དང་། ཏང་ཀྲུང་དབྱང་གི་ད་ལོའི་ལས་དོན་སྐོར་གྱི་སྤྱིའི་བཀོད་སྒྲིག་དང་བླང་བྱ་མངོན་ཡོད་པས་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།

   ཞི་ཅིན་ཕིང་གིས། ནང་སོག་གི་ལོ་གཅིག་ཚུན་གྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་། ནང་སོག་གི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་ལྟར་བརྟན་པོ་དང་ཡར་བརྩོན་གྱི་རྩོད་སྒྲུབ་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ་ཐོབ་པ། ཉེན་ཁ་འགོག་པ། བརྟན་ལྷིང་རྒྱུན་འཁྱོངས་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བར་སྐུལ་འདེད་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོའི་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་ཟམ་མི་ཆད་པ་ཆེ་རུ་འགྲོ་བ་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།

   ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་རིག་ལམ་སྔར་བས་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ནང་གི་ཡ་གྱལ་ཞིག་ཡིན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་ལག་བསྟར་བྱེད་པའི་ནང་མི་དང་རང་བྱུང་ཁམས་གཉིས་ཞི་མཐུན་མཉམ་གནས་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི་གཞི་རྩའི་བྱེད་ཕྱོགས་ཤིག་ཡིན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཁྲོད་གནོད་མེད་ནི་འདུ་ཤེས་གལ་ཆེན་ཞིག་ཡིན་པ། འགག་སྒྲོལ་ཆེན་པོ་གསུམ་གྱི་ཁྲོད་དུ་སྦགས་བཙོག་འགོག་བཅོས་བྱ་རྒྱུ་དེ་འགག་སྒྲོལ་གལ་ཆེན་ཞིག་ཡིན་པ། གཅིག་བྱས་པ་བཞིའི་ཐོག་ནས་རང་རེའི་ཏང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆོས་ཉིད་ཁོང་དུ་ཆུད་པ་མངོན་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ནང་གི་གནས་བབ་གལ་ཆེན་ཞིག་ཡིན་པ་མངོན་པ། ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་བཀོད་སྒྲིག་དང་བླང་བྱ་བཏོན་གནང་བ་མངོན་པ། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཏེ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་གསུངས་གནང་བ་དང་། ཞི་ཅིན་ཕིང་གིས། ནང་སོག་གི་སྐྱེ་ཁམས་གནས་ཚུལ་ཡག་པོ་ཡོད་མེད་དེ། ནང་སོག་རང་སྐྱོང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་གནས་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། ཀྲུང་ཧྭ་བྱང་རྒྱུད་དང་། བྱང་ཤར། ནུབ་བྱང་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བ་ཡོད། ནང་སོག་དེ་ཉིད་ཀྲུང་གོའི་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཏུ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་གནས་བབ་ཧྲིལ་པོ་གཏན་འཁེལ་བྱེད་པའི་འཐབ་ཇུས་གནས་བབ་ཡིན་པས། ནང་སོག་གིས་ངེས་པར་དུ་རང་རྟོགས་ངང་འགན་འཁུར་དགོས་པའི་འགན་འཁྲི་གལ་ཆེན་ཞིག་ཡིན། རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་ནས། མེས་རྒྱལ་གྱི་བྱང་རྒྱུད་མཐའ་མཚམས་ཀྱི་མཛེས་ལྗོངས་སྔར་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་པར། ངེས་པར་དུ་ཆོད་སེམས་དེ་བས་ཆེ་བ་དང་། དཀའ་ཚེགས་ཆེན་པོས་འབད་བརྩོན་བྱེད་དགོས་ཞེས་གསུངས་ཡོད།

   ཞི་ཅིན་ཕིང་གིས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱ་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་དེ་རྩ་བའི་ཐོག་ནས་བཤད་ན་ཕན་ཚུན་གཅིག་གྱུར་དང་། ཕན་ཚུན་གཞོགས་འདེགས་བྱེད་པ་ཞིག་ཡིན། དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་དུ་ལྷག་པའི་དཀའ་ངལ་ཕྲན་བུའི་རྐྱེན་གྱིས། རྣམ་གྲངས་ལ་གཡོ་འགུལ་གཏོང་བ་དང་། ཁོར་ཡུག་བློས་གཏོང་བར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་ཚུན་ཡོད་མི་རུང་ལ། ཐ་ན་ཐབས་བརྒྱ་ཇུས་སྟོང་གིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལས་བརྒལ་མི་རུང་ཞེས་གསུངས་ཡོད།

   ཞི་ཅིན་ཕིང་གིས། རང་རྒྱལ་འདི་ཉིད་དཔལ་འབྱོར་འཕར་སྣོན་མགྱོགས་པོ་འགྲོ་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་དུས་རིམ་དུ་སྒྱུར་བའི་བརྒྱུད་རིམ་ནང་། སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་བཅོས་སྐྱོང་ནི་འགག་སྒྲོལ་བྱ་དགོས་པའི་འགག་སྒོ་གལ་ཆེན་ཞིག་ཡིན། ང་ཚོས་ངེས་པར་དུ་ཨམ་གཙིགས་བསྡམས་ནས་དཀའ་གནད་དེ་ལས་སྒྲོལ་ཐུབ་པ་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པ། གཡོ་འགུལ་མི་གཏོང་བ་དང་། ལྷོད་གཡེང་མི་ཤོར་བ། དམར་ཐིག་ལས་མི་བརྒལ་བ་བཅས་བྱ་དགོས་ཞེས་གསུངས་ཡོད།ཞི་ཅིན་ཕིང་གིས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གནོད་མེད་འཕེལ་རྒྱས་གཏོང་རྒྱུ་དེ་སྟོན་ཕྱོགས་སུ་བྱས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་བར་གྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱ་དགོས་པ། འཐབ་ཇུས་ཀྱི་ངེས་གནས་དང་མཐུན་པ་དང་། ནང་སོག་གི་ཁྱད་ཆོས་མངོན་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གནོད་མེད་འཕེལ་རྒྱས་སྟོན་ཕྱོགས་སུ་བྱས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། མཐའ་ཚད་སྲུང་བའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁོངས་ས་ཆའི་བར་ཁམས་འཆར་འགོད་བྱ་རྒྱུ་གཞི་འཛིན་སར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་དང་། ཞིང་ལས། སྐྱེ་ཁམས་བཅས་ཀྱི་བར་ཁམས་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་སྲུང་སྐྱོང་གི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ས་མཚམས་བཅས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་འཆར་འགོད། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བརྒལ་མི་རུང་བའི་དམར་ཐིག་ལ་བརྩིས་ནས། ས་གནས་དེ་གའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལ་གཞི་ཚུགས་པ་དང་། ས་གནས་དེ་གའི་ལེགས་ཆ་དང་ཁྱད་ཆོས་མངོན་པ་བྱ་དགོས་ཞེས་བསྟན་གནང་ཡོད།

   ཞི་ཅིན་ཕིང་གིས་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད། ཞི་ཅིན་ཕིང་གིས། ནང་སོག་ཏུ་ནགས་ཚལ་དང་རྩྭ་ཐང་། འདམ་ར། ཆུ་བོ། མཚེའུ། བྱེ་ཐང་སོགས་རང་བྱུང་རྣམ་པ་སྣ་ཚོགས་ཡོད་ཅིང་། དུས་ཡུན་རིང་པོའི་ནང་ཆགས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྐྱེ་ཁམས་མ་ལག་ཅིག་ཡིན་པས། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་པར་ངེས་པར་དུ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་དགོས། ནང་སོག་གི་རྩྭ་ཐང་དང་ནགས་ཚལ་ལ་སྲུང་སྐྱོང་བྱེད་པ་ནི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་པའི་ལས་འགན་དང་པོ་དེ་ཡིན། ངེས་པར་དུ་སྐྱེ་ཁམས་མ་ལག་ནང་ཁུལ་གྱི་རྐྱེན་རྩ་དང་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། རང་བྱུང་སླར་གསོ་བྱ་རྒྱུ་གཙོ་བོར་འཇོག་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་ནས་བྱ་ཐབས་བཟུང་བ་བཅས་བྱས་ཏེ། དམིགས་སའི་རང་བཞིན་དང་མ་ལག་རང་བཞིན། ཕུགས་ཕན་རང་བཞིན་བཅས་ཤུགས་ཆེར་གཏོང་དགོས་ཞེས་བསྟན་ཡོད་པ་དང་། ཞི་ཅིན་ཕིང་གིས། སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་དགོས། མི་དམངས་མང་ཚོགས་ནས་ལན་ཆ་ཆེན་པོ་བྱེད་པའི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ནི། ཁོར་ཡུག་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན་ལ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཀྱང་ཡིན། འགག་གཏོར་བྱེད་ཤུགས་དང་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁ་ཐོར་དང་ཟང་ཟིང་། སྦགས་བཙོག་འབུད་བཤངས་མང་བ་བཅས་ཀྱི་ཁེ་ལས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། མུ་མཐུད་ནས་གཙོ་གནད་ཁྱབ་ཁོངས་ཀྱི་རླུང་ཁམས་ཆེན་མོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་དང་། གསར་སྤེལ་ཁུལ། བཟོ་ལས་གླིང་ཁུལ་བཅས་ཀྱི་བཙོག་ཆུ་ཐག་གཅོད་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་དང་འབྲོག་ཁུལ་གྱི་གནས་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ནང་སོག་གི་ཧུ་ལུན་ཧུ་མཚེའུ་དང་། ཝུ་ལེང་སུ་ཧའེ་མཚོ། ཏའེ་ཧའེ་མཚོ་བཅས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། གནད་འཕིགས་བཅོས་སྐྱོང་བྱས་ཏེ། དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་དགོས་ཞེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་པ་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་ཀྱི་གནས་བབ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་ལས་འགན་ཧ་ཅང་ལྗིད་པོ་ཡོད། ནང་སོག་གིས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་པ་དང་། དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱ་རྒྱུ་འགན་ལེན་བྱེད་པ། དབུལ་སྒྲོལ་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ། དམངས་འཚོ་འགན་ལེན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ། མི་རིགས་ཁག་གི་ཐུན་མོང་དར་རྒྱས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས་ཞེས་ནན་གསུངས་གནང་བ་དང་།ཞི་ཅིན་ཕིང་གིས། འདས་ཟིན་པའི་དུས་ཚོད་ནང་རང་རེའི་ཏང་གིས་དཀའ་སྤྱད་འབད་འཐབ་དང་། ཧུར་བརྩོན་གྲོན་ཆུང་ལ་བརྟེན་ནས་རླབས་ཆེའི་བྱ་གཞག་ཟམ་མི་ཆད་པར་བཏོད་ཡོད་པ་དང་། ད་ལྟ་ང་ཚོས་སྔར་བཞིན་བསམ་བློ་དེ་འདྲ་བེད་སྤྱད་ནས་ལས་ཀར་མཛུབ་ཁྲིད་བྱེད་དགོས་ཞེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས། ཏང་དང་སྲིད་གཞུང་གིས་སྣེ་ཁྲིད་ནས་གྲོན་ཆུང་བསྲི་ཚགས་བྱེད་པའི་དམིགས་ཡུལ་ནི་མང་ཚོགས་ཚོའི་འཚོ་བ་ཡག་པོ་ཡོང་ཆེད་ཡིན། དེ་ནི་རང་རེའི་ཏང་གི་དམིགས་འབེན་དང་ངོ་བོས་གཏན་འཁེལ་བྱས་པ་ཞིག་ཡིན། ང་ཚོའི་རྒྱལ་ཁབ་ཆུ་ཚད་གང་འདྲ་ཞིག་ལ་གོང་འཕེལ་བྱུང་བ་དང་། མི་དམངས་ཀྱི་འཚོ་བའི་གནས་བབ་གང་འདྲ་ཞིག་ལ་ལེགས་བཅོས་ཐུབ་རུང་། དཀའ་སྤྱད་འབད་འཐབ་དང་། ཧུར་བརྩོན་གྲོན་ཆུང་གི་བསམ་བློ་ནི་དུས་ནམ་ཡང་དོར་མི་རུང་། དཀའ་སྤྱད་འབད་འཐབ་དང་། ཧུར་བརྩོན་གྲོན་ཆུང་ནི་ང་ཚོས་བསྐྱོད་ཟིན་པའི་ལམ་བུའི་ཐོག་གོང་འཕེལ་དང་སྟོབས་ཆེར་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་ལ། ང་ཚོས་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱས་ནས། སླར་ཡང་འོད་སྟོང་འབར་བའི་གྲུབ་འབྲས་གཏོད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས་གནང་ཡོད་པ་རེད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཡིག་སྒྱུར། མིག་དམར་རྒྱ་མཚོ། དབང་འདུས། བསྟན་འཛིན་འཇམ་དཔལ།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་སེམས་གཏམ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་མཐོང་ཆེན་བྱས་ནས་སེམས་ཤུགས་གཅིག་སྒྲིལ་ངང་རླབས་ཆེའི་བྱ་གཞག་སྒྲུབ་པ།
  • དོ་སྣང་ཆེ་བའི་རྩོམ།