བཀྲ་ཤིས་འབུམ། ཞིན་ཧྭ་གསར་འགྱུར་དྲ་བ། 2015-04-22
ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དབྱི་སི་ལན་ཕོར་ནས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལེ་ཧྥུའུ་དང་གྲོས་མོལ་མཛད།
ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དབྱི་སི་ལན་ཕོར་ནས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལེ་ཧྥུའུ་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉི་ཤུ་ཉིན་དབྱི་སི་ལན་ཕོར་ནས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལེ་ཧྥུའུ་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཇེ་མཐོར་གཏོང་བ་དང་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་ལས་དབང་ཐུན་མོང་ཚོགས་པའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བར་མ་ཟད། ཀྲུང་གོ་དང་ཕ་ཁི་སི་ཐན་བར་དུ་ནམ་ཡང་མཛའ་མཐུན་ཡོང་བར་བརྩོན་ལེན་བྱེད་པར་མཐའ་གཅིག་ཏུ་འཐད་པ་བྱུང་།
ཞི་ཅིན་ཕེན་གྱིས་བསྟན་དོན། ཕ་ཁི་སི་ཐན་ནི་བདག་གིས་ད་ལོར་ཐོག་དང་པོར་འཚམས་འདྲི་བྱེད་པའི་ས་ཚིགས་དང་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཕ་ཁི་སི་ཐན་འབྲེལ་བ་དེ་ཀྲུང་གོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོ་ཡིན་ཟེར། ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་གཞི་ལྔ་བཏོན། གཅིག མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་སྲུང་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་དགོས་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། དམག་དཔུང་བཅས་ཀྱིས་ཁ་གཏད་བརྗེ་རེས་བྱེད་པར་སྐུལ་མ་གཏོང་དགོས། གཉིས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་འཛུགས་སྐྲུན་དེ་དཀྱིལ་སྙིང་དུ་འཛིན་པ་དང་བཀའ་ཏ་ཨར་གྲུ་ཁ་དང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས། ནུས་ཁུངས། ཐོན་ལས་མཉམ་ལས་བཅས་གཙོར་བཟུང་སྟེ་མཉམ་ལས་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས། གསུམ། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་དགོས། བཞི། ཉིས་སྟོང་བཅོ་ལྔ་ལོའི་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་མཛའ་མཐུན་བརྗེ་རེས་ལོའི་བྱ་འགུལ་མཉམ་དུ་སྤེལ་ཏེ། རིག་གནས་དང་སློབ་གསོ། ས་གནས། ན་གཞོན། རིག་མཛོད། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས། ལྔ། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་བཅོས་སྒྱུར་དང་ནམ་ཟླའི་འགྱུར་ལྡོག འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་སོགས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་སྲིད་ཇུས་ཀྱི་མཐུན་སྦྱོར་དང་འཐབ་ཇུས་ཀྱི་རོགས་ལས་ལ་ཤུགས་སྣོན་དགོས་པ་བཅས་རེད།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་དུང་གསར་འགོད་པར་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་བདག་གིས་ད་ཐེངས་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་སྲོལ་རྒྱུན་མཛའ་བཤེས་སྲ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མ་འོངས་པའི་ལོ་ལྔ་ནས་ལོ་བཅུའི་བར་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་མཉམ་ལས་འཐབ་ཇུས་སྤྱི་ཁོག་བཟོ་རྒྱུ་དེ་ཡིན་ཞེས་གསུངས། ཞེ་ལེ་ཧྥུའུ་ཡིས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བཤད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10