དུས་ཚིགས་གསུམ་པར་རང་རྒྱལ་གྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་འདང་ངེས་ཡོད་པ།

    མི་དམངས་དྲ་བ།    2018-10-25

           མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཞིང་ལས་གྲོང་གསེབ་པུའི་དུས་ཚིགས་གསུམ་པའི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། དུས་ཚིགས་གསུམ་པར། རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཁྲོམ་རར་མཁོ་སྤྲོད་བྱེད་ཚད་སྤྱིར་ན་ཅུང་འདང་ངེས་ཡོད་ཅིང་། རིན་གོང་འཕར་ཆག་མི་འདྲ་བ་དང་། “ཞིང་ལས་ཐོན་རྫས་སྡེབ་ཚོང་རིན་གོང་གི་སྟོན་གྲངས200”དེ་102.19ཟིན་ནས་ཟླ་གོང་མའི་དུས་མཚུངས་ལས་1.01དང་ལོ་གོང་མའི་དུས་མཚུངས་ལས་5.63འཕར་བ་དང་། ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་ཀྱི་སྟོན་གྲངས་200དེ་102.33ཟིན་ནས་ཟླ་གོང་མའི་དུས་མཚུངས་ལས་1.2དང་ལོ་གོང་མའི་དུས་མཚུངས་ལས་6.55འཕར་ཡོད་པ་རེད།
           གྲོ་དང་སྔ་སྨིན་ཞན་ཏའོ་ཆུ་འབྲས་ཉོ་སྒྲུབ་དུས་ཚོད་ཡོལ་བས་རིན་གོང་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། ཟླ་དགུ་པའི་ཟླ་མཇུག་ཏུ། གཞུང་ཁོངས་འབྲུ་རིགས་ཁེ་ལས་ཀྱི་གྲོ་ཉོ་སྒྲུབ་རིན་གོང་རྒྱ་མ་བརྒྱ་རེར་སྒོར་119ཡིན་པ་དེ་དུས་འགོ་དང་བསྡུར་ན་4.5%འཕར་བ་དང་། སྔ་སྨིན་ཞན་ཏའོ་ཆུ་འབྲས་ཉོ་སྒྲུབ་རིན་གོང་ཆ་སྙོམས་རྒྱ་མ་བརྒྱ་རེར་སྒོར་120ཡིན་པ་དེ་དུས་འགོ་ལས་4%འཕར་ཡོད་པ་རེད། ཟླ་དགུ་པའི་ཟླ་མཇུག་བར་ཏུ། ཐོན་སྐྱེད་ཁུལ་གཙོ་བོ་ཁག་གི་འབྲུ་རིགས་ཁེ་ལས་སྣ་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན། གྲོ་ཏུན་ཁྲི་5015དང་སྔ་སྨིན་ཞན་ཏའོ་ཆུ་འབྲས་ཏུན་ཁྲི་779ཉོ་སྒྲུབ་བྱས་ཡོད་པ་རེད། ཉོ་སྒྲུབ་བྱེད་སྐབས་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་གཙོ་བོར་བྱས་པ་སྟེ། ས་གནས་ཁག་གིས་འབྲུ་རིགས་ལས་སྣོན་ཁེ་ལས་སོགས་བྱེད་པོ་སྣ་མང་ཁྲོམ་རར་ཞུགས་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་བྱས་པ་རེད། ཨ་ཤོམ་གྱི་རིན་གོང་ལ་འཕར་ཆག་ཅུང་ཟད་ཡོད་ཀྱང་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་པ་རེད།
          ཞིང་ལས་གྲོང་གསེབ་པུའུ་ཁྲོམ་ར་དང་དཔལ་འབྱོར་ཆ་འཕྲིན་སིའི་སི་ཀྲང་ཐང་ཁོ་ཡིས། འདི་ལོའི་གྲོ་གཅིག་སྡུད་ཉོ་སྒྲུབ་དུས་ཚོད་ཡོལ་བ་དང་འདི་ལོའི་ཉོ་སྒྲུབ་བྱེད་ཚད་ན་ནིང་དང་བསྡུར་ན་མངོན་གསལ་དོད་པོས་ཆག་ཡོད། བརྟག་ཞིབ་དང་དབྱེ་ཞིབ་བྱས་པར་གཞིགས་ན། ཉོ་སྒྲུབ་བྱེད་ཚད་མངོན་གསལ་དོད་པོས་ཆག་པའི་རྒྱུ་རྐྱེན་ནི་ཐོན་འབབ་ཅུང་ཆག་པ་དང་། ཉོ་སྒྲུབ་སྔོན་ཇུས་ལག་བསྟར་དུས་ཡུན་རིང་དུ་བཏང་བ། གྲོ་སྤུས་ཞན་ཉོ་སྒྲུབ་བྱས་པ་ཁག་གཅིག་བསྡོམས་རྩིས་ནང་མ་བཅུག་པ་སོགས་མང་པོ་ཡོད། དུས་མཇུག་གི་གནས་ཚུལ་ལ་བལྟས་ན། ཞིང་དུད་དང་ཚོང་པའི་ལག་གི་འབྲུ་རིགས་ལྷག་མ་གཅིག་རྗེས་གཉིས་མཐུད་ཁྲོམ་རར་འདོན་རྒྱུ་ཡིན་པས། སྔོན་རྩིས་བརྒྱབ་ན་གྲོ་ཉོ་ཚོང་ལ་མུ་མཐུད་སྤུས་ལེགས་གོང་མཐོ་ཡོང་རྒྱུ་ཡིན་པ་དང་ཆབས་ཅིག གནོད་འཚེ་ཕོག་ཁུལ་གྱི་དམིགས་ཚད་ལས་བརྒལ་བའི་གྲོ་ཉོ་སྒྲུབ་ཐག་གཅོད་ལས་དོན་ལ་གཙོ་གནད་ཐོག་དོ་ཁུར་བྱས་ནས་འབྲུ་ཚོང་ཞབས་ཞུར་ཤུགས་སྣོན་གྱིས་ཞིང་པའི་འབྲུ་ལྷག་དངུལ་སྨར་དུ་བསྒྱུར་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
           ཤ་ཚལ་སྒོང་གསུམ་གྱི་རིན་གོང་མུ་མཐུད་འཕར་བ། ཟླ་དགུ་པར་ཞིང་ལས་གྲོང་གསེབ་པུས་ལྟ་ཞིབ་ཚད་ལེན་བྱས་པའི་སྔོ་ཚལ་རིགས་28ཀྱི་རྒྱལ་ཡོངས་ཆ་སྙོམས་རིན་གོང་སྤྱི་རྒྱ་རེར་སྒོར་4.32ཡིན་པ་དེ་ཟླ་གོང་མའི་དུས་མཚུངས་ལས་8.8%དང་ལོ་གོང་མའི་དུས་མཚུངས་ལས་22.0%འཕར་བ་དང་། དུས་ཚིགས་གསུམ་པའི་སྔོ་ཚལ་རིན་གོང་དུས་ཚིགས་རང་བཞིན་གྱིས་འཕར་བ་དེ་ནམ་རྒྱུན་དང་ཧ་ལམ་འདྲ་ཡང་། འདི་ལོར་ས་ཁུལ་མང་པོར་ཚ་བ་ཆེ་བ་དང་། རྒྱ་མཚོའི་རླུང་འཚུབ་ལྡང་བ། ཆར་ཆུ་འབབ་མང་བ་སོགས་གནམ་གཤིས་ཀྱི་རྐྱེན་པས་ཚལ་གོང་འཕར་ཚད་ལོ་སྔོན་མ་ལས་ཅུང་མཐོ་བ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།