གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ཆེན་བཅོས་ཚད་མྱུར་དུ་སོང་བ།

    མི་དམངས་དྲ་བ།    2018-10-22

         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་གོང་ཚེས་ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རང་རྒྱལ་གྱིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ཆེན་གྱི་ཆེད་དོན་སྐྱོབ་བཅོས་བྱེད་ཤུགས་ཆེ་རུ་ཕྱིན་ཞིང་། ད་ལོའི་ཟླ་8པའི་ཟླ་མཇུག་བར་མི་ཁྲི་26.1གི་ནད་གཞི་གཏན་འཁེལ་བྱུང་ནས་མི་ཁྲི་22.6བསྐྱབས་པ་དང་རིམ་རྩིས་བྱས་ན་མི་ཐེངས་ཁྲི་99.6གི་ནད་བཅོས་པ་རེད།
            ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། དམངས་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ཆེན་གྱི་ཆེད་དོན་སྐྱོབ་བཅོས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་བརྡ་ཐོ》བཀྲམ་པ་རེད། བླང་བྱ་གཞིར་བཟུང་། 2018ལོར་ས་གནས་ཁག་གིས་བྱིས་པའི་ལྷན་སྐྱེས་སྙིང་ནད་དང་། བྱིས་པའི་ཁྲག་རིལ་དཀར་པོའི་ནད། ཕོ་སྐྲན། མིད་པའི་སྐྲན། རྒྱུ་དཀར་གྱི་སྐྲན། ལོང་གའི་སྐྲན། མཇུག་དུས་ཀྱི་མཁལ་ནད་སོགས་ནད་ཆེན་ལ་ཆེད་དོན་སྐྱོབ་བཅོས་བྱས་པའི་རྨང་གཞིའི་ཐོག་གློ་སྐྲན་དང་། མཆིན་སྐྲན། ནུ་མའི་སྐྲན། མངལ་སྐེའི་སྐྲན། སྙིང་རྩ་འགག་པའི་དོས་དྲག་ནད། སྐྱ་འགྲིབ་སོགས་ཆེད་དོན་སྐྱོབ་བཅོས་ཀྱི་ནད་རིགས་ལ་བཅུག་ཡོད་པ་དང་། མིག་སྔའི་བར་སྐྱོབ་བཅོས་ཀྱི་ནད་ལ་21ཡོད་པ་རེད།
          《བརྡ་ཐོའི》ནང་། “གཅིག་འཐུས་རྣམ་པའི”མཇུག་བསྡོམས་རྩིས་རྒྱག་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་སྟབས་བདེ་ལ་མྱུར་བའི་ཞབས་འདེགས་ཞུ་དགོས། གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ནད་པ་དབུལ་པོ་རྫོང་ཁོངས་སུ་ཞག་སྡོད་སྨན་བཅོས་བྱེད་སྐབས“སྔོན་ལ་ནད་བརྟག་སྨན་བཅོས་དང་རྗེས་སུ་དངུལ་སྤྲོད”པ་དང་སྨན་ཁང་ནས་ཐོན་དུས་རང་སྤྲོད་སྨན་རིན་ལས་སྤྲོད་དགོས་མེད། སྨན་ཁང་གཞན་དུ་སྤོས་ནས་སྨན་བཅོས་བྱེད་པའི་ཆ་རྐྱེན་འཛོམས་པའི་ཞག་སྡོད་ནད་པ་དབུལ་པོར། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ཞིང་ཆེན་ཁྱབ་ཁོངས་ཀྱི“སྔོན་ལ་ནད་བརྟག་སྨན་བཅོས་དང་རྗེས་སུ་དངུལ་སྤྲོད”ལག་བསྟར་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
          2017ལོ་ནས་བཟུང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས《གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ཆེན་གྱི་ཆེད་དོན་སྐྱོབ་བཅོས་ལས་དོན་གྱི་ཇུས་གཞི》བཀྲམ་པ་རེད། བྱིས་པའི་ལྷན་སྐྱེས་སྙིང་ནད་དང་། བྱིས་པའི་ཁྲག་རིལ་དཀར་པོའི་ནད། མིད་པའི་སྐྲན། ཕོ་སྐྲན། རྒྱུ་དཀར་གྱི་སྐྲན། ལོང་གའི་སྐྲན། མཇུག་དུས་ཀྱི་མཁལ་ནད་སོགས་ནད་ཆེན་ཕོག་པའི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དང་། གྲོང་གསེབ་ཀྱི་མ་མཐའི་འགན་བཅོལ། དེ་བཞིན་དཀའ་ངལ་ཤིན་ཏུ་ཆེ་བའི་མི་ཚོགས་ལ་དམིགས་ནས། གཅིག་སྡུད་སྐྱོབ་བཅོས་དང་དོ་དམ་བྱས་ཡོད། ས་གནས་ལ་མཛུབ་ཁྲིད་བྱས་ནས་ནད་བརྟག་སྨན་བཅོས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་། འབྲེལ་ཡོད་ཀྱི་ནད་རིགས་སྨན་བཅོས་བྱེད་ཐབས་བཟོས་ཏེ་སྨན་བཅོས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱས་ཡོད། སྨན་རྫས་དང་། ཡོ་བྱད། བཅོས་ཐབས་བཅས་ལུགས་མཐུན་བདམས་ནས་སྨན་བཅོས་ཀྱི་འགྲོ་སོང་ཚོད་འཛིན་བྱས་ཤིང་། “གཅིག་འཐུས་རྣམ་པའི”མཇུག་བསྡོམས་རྩིས་རྒྱག་དང“སྔོན་ལ་ནད་བརྟག་སྨན་བཅོས་དང་རྗེས་སུ་དངུལ་སྤྲོད”ལ་སྐུལ་མ་བཏང་ནས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྐྱོབ་རོགས་བཅས་ཀྱི་སྲིད་ཇུས་བསྡུ་སྒྲིལ་བྱས་ཏེ་རྩིས་ཞུའི་བསྡུར་ཚད་ཆེ་རུ་དང་མ་དངུལ་སྔ་འདོན་གྱི་གནོན་ཤུགས་ཆུང་དུ་བཏང་ནས་ནད་པ་དབུལ་པོའི་འགྲོ་སོང་གི་ཁུར་པོ་ཡང་དུ་ཏན་ཏིག་བཏང་སྟེ་ནད་ཆེན་ཕོག་པའི་ནད་པ་དབུལ་པོའི་དབུལ་སྒྲོལ་འགན་ལེན་བྱས་ཡོད། ས་གནས་ཁག་གིས་སྨན་བཅོས་འགན་བཅོལ་དང་སྐྱོབ་རོགས་སོགས་ཀྱི་འགན་སྲུང་ཆུ་ཚད་ལ་མཐུན་སྦྱོར་དང་སྐུལ་འདེད་ཧུར་ཐག་བཏང་ནས་ཁ་གསབ་དང་ཐ་སྐྱོང་འགན་སྲུང་ལམ་ལུགས་བཟོ་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་གྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ། དབུལ་སྐྱོར་མ་དངུལ། ནོར་སྲིད་ཐ་སྐྱོང་དང་སྤྱི་ཚོགས་དགེ་ལས་སོགས་འགན་སྲུང་སྲིད་ཇུས་ཀྱི་མཉམ་འགུལ་རྩིས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་ནད་ཆེན་ཕོག་པའི་ནད་པ་དབུལ་པོའི་སྨན་བཅོས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཤིང་། མིག་སྔར་ཆེད་དོན་སྐྱོབ་བཅོས་ནད་རིགས་ལ་རིམ་རྩིས་བྱས་ན། རྩིས་ཞུའི་བསྡུར་ཚད་81.12%ཟིན་པ་དེ་ཆེད་དོན་སྐྱོབ་བཅོས་ལས་དོན་སྒྲུབ་འགོ་ཚུགས་པའི་གོང་དང་བསྡུར་ན་བརྒྱ་ཆའི་གྲངས་37.3མཐོ་རུ་ཕྱིན་ཡོད་པ་རེད།
           ནད་ཆེན་གྱི་ཆེད་དོན་སྐྱོབ་བཅོས་ཀྱི་ལས་དོན་སྒྲུབ་རིང་། ས་གནས་ཁག་གིས་སྨན་བཅོས་ཀྱི་འགྲོ་སོང་ཚོད་འཛིན་ནན་པོ་བྱས་ནས་སྨན་བཅོས་ཀྱི་མ་གནས་དམའ་རུ་བཏང་ཡོད། ཕྱོགས་གཅིག་ནས་སྨན་བཅོས་བྱེད་ཐབས་ཀྱི་དོ་དམ་ལག་བསྟར་བྱས་ནས་དཀར་ཆག་ནང་གི་ནད་བརྟག་སྨན་བཅོས་ཀྱི་རྣམ་གྲངས་དང་སྤུས་ལེགས་གོང་ཆུང་གི་སྨན་དང་ཡོ་བྱད་སྔོན་ལ་འདེམས་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ནད་རིགས་རྐྱང་པའི་གཏན་ཁེལ་གྱི་གྲོན་བསྡུ་དང་སྨན་བཅོས་འགན་བཅོལ་གྱི་གཏན་འཁེལ་དངུལ་སྤྲོད་ཁྱབ་གདལ་བཏང་ནས་སྨན་བཅོས་སྒྲིག་གཞིས་སྨན་བཅོས་ཀྱི་འགྲོ་སོང་ཚོད་འཛིན་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་བ་དང་འབྲེལ། ཚད་བཅད་ཉོ་སྒྲུབ་དང་རིན་འབོར་ཟུང་འབྲེལ་འཚོལ་ཞིབ་ཧུར་ཐག་དང་། ཉོ་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྨན་རྫས་དང་ཡོ་བྱད་ཀྱི་མ་གནས་ཆུང་དུ་གཏོང་བ་བཅས་བྱས་པ་རེད། མིག་སྔའི་བར། ཆེད་དོན་སྐྱོབ་བཅོས་ཀྱི་ནད་རིགས་ལ་བརྟག་བཅོས་བྱེད་ཐེངས་རེའི་འགྲོ་སོང་མི་ཐེངས་རེར་སྒོར་6205ཡིན་པ་དང་ནད་རིགས་ཁག་གི་ཆ་སྙོམས་འགྲོ་སོང་2016ལོ་དང་བསྡུར་ན་མངོན་གསལ་དོད་པོས་ཆག་ཡོད་པ་རེད།
            ནད་ཆེན་གྱི་སྐྱོབ་བཅོས་ལ་གཙོ་གནད་དམིགས་ནས་རྫོང་སྨན་ཁང་གི་ཞབས་འདེགས་ནུས་པ་མཐོ་རུ་ཧུར་ཐག་བཏང་ནས་རིམ་གསུམ་སྨན་ཁང་གི་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་རྫོང་དབུལ་པོའི་སྨན་ཁང་གི་ལས་དོན་དང“ཚོགས་སྒྲིག་རྣམ་པའི”ཤིན་སྐྱོར་བོད་སྐྱོར་སོགས་ཀྱི་ལས་དོན་བསྒྲུབས་པ་མ་ཟད། རྫོང་སྨན་ཁང་རྨང་གཞིར་བྱས་ནས་ནད་ཆེན་སྐྱོབ་བཅོས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་སྨན་བཅོས་ཞབས་འདེགས་ཞུ་ཚད་ཆེ་རུ་ནུས་ལྡན་བཏང་བ་དང་སྨན་བཅོས་ཀྱི་འགྲོ་སོང་ལ་ཚོད་འཛིན་ཡང་བྱས་པ་རེད།

  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཐོབ་ཆ་མཐོ་རུ་གཏོང་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་འཕྲོད་བསྟེན་དང་བདེ་ཐང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་སྒོར་དུང་ཕྱུར71.14བཏང་།
  • དོ་སྣང་ཆེ་བའི་རྩོམ།