བོད་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་628བསྐྲུན་རྒྱུ་ཡིན་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2018-10-22

     གྲོང་གསེབ་དར་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ནི་དབུལ་སྒྲོལ་རེད། མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་སུ་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་རྣམས་བློ་བདེའི་ངང་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་ཐུབ་པ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པ”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འདུ་འགོད་ལག་བསྟར་བྱས་ཏེ་2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་མཐའ་མཚམས་གྲོང་ཚོ་628གཞི་རྩའི་ཆ་ནས་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་། ཐོན་ལས་དར་ཞིང་རྒྱས་པ། སྣོད་བཅུད་བཟང་བ། སྡོད་མལ་དང་ལས་ཀ་བྱ་རྒྱུར་འཚམ་པའི་འབྱོར་ཕྱུག་དང་ཤེས་དཔལ་ལྡན་པའི་འབྱོར་འབྲིང་གྲོང་ཚོ་ཞིག་ཏུ་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་རེད།

ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་སྟེ་ཁྱིམ་གྱི་སྒོ་རྩར་ཕྱུག་འགྱུར་ཐུབ་པ་བྱས་པ།

     མཚོ་སྣ་རྫོང་གྲོང་ནས་མག་མག་གྲོང་ཚོ་བར་གཞུང་ལམ་ལམ་ཚད་སྤྱི་ལེ་41ཡོད་པ་དང་ས་བབ་མཐོ་ཚད་སྨི་1600ལྷག་ཙམ་བར་མྱུར་དུ་ཆག་ནས་ནགས་ཚལ་སྟུག་པ་དང་གྲོག་རོང་གཏིང་ཟབ་པོ་ཡོད། དེ་གར་བསམ་ཚོད་ཁྲོད་ཀྱི་ལུང་ཁུག་དང་འདྲ་པོ་མེད་པར་དབེན་པའི་སྐྱེད་ཚལ་དུ་སླེབས་པ་ལྟར་གྱི་སྣང་བ་ཞིག་འཆར་གྱི་ཡོད་པ་དང་། རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་འགྲམ་དུ་དཀར་ཆ་དོད་པའི་ཉི་ནུས་ལམ་སྒྲོན་འོག་གྲོང་མི་དང་ཡུལ་སྐོར་བ་བག་ཕེབས་ངང་འཆམ་འཆམ་བྱེད་བཞིན་ཡོད་པ། གྲོང་སྡེའི་ལྟེ་བའི་རིག་གནས་ཐང་ཆེན་དུ་རྒན་གཞོན་ཚོས་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་སྤྲོ་སྣང་ལྡན་པའི་ཞབས་བྲོ་འཁྲབ་བཞིན་ཡོད་པ། མོན་པ་རིགས་ཀྱི་ཁྱད་ཆོས་ལྡན་པའི་མི་སེར་གྱི་སྡོད་ཁང་ནས་དྲོ་སྐྱིད་ལྡན་པའི་གློག་འོད་ཁྲ་ལྷམ་མེར་འཕྲོ་བཞིན་ཡོད་པ་སོགས་རེད།

     “ཐོག་སོ་དང་པོ་ནི་ཚོམས་ཆེན་ཡིན་པ་དང་ཐོག་སོ་གཉིས་པར་ཡུལ་སྐོར་བ་སྡོད་ཀྱི་ཡོད། ཁང་པ་ཚང་མར་ཆུ་གཤལ་གསང་སྤྱོད་ཡོད་པ་དང་། ཆུ་ཚོད་24རིང་ཆུ་ཚ་པོ་ཡོད་པ། དྲ་ཞུགས་WiFiཡོད” ལོ་59ལ་སླེབས་པའི་སྤེན་པ་དགྲ་འདུལ་ཡང་གྲོང་ཚོའི་ནང་གི་ནགས་སྲུང་བ་ཞིག་ཡིན་ཞིང་། དེ་སྔོན་ཁྱིམ་གྱི་ཡོང་འབབ་གཙོ་བོ་སྤྱི་ཕན་ལས་གནས་ཀྱི་ཁ་གསབ་བརྟེན་པ་དང་། “ད་ལྟ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་སུ་སླེབས་སྐབས་འགྲུལ་ཁང་གི་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད”

     2014ལོར་མཚོ་སྣ་རྫོང་གིས་མག་མག་གྲོང་ཚོ་དེ“སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་ས་ཚིགས”ནང་བཅུག་པས་གྲོང་སྡེ་རྙིང་པ་དེ་འཁྲུག་ཆ་དོད་དུ་འགྲོ་འགོ་ཚུགས་ཡོད། 2015ལོའི་ཟླ་7པར་སྤེན་པ་དགྲ་འདུལ་གྱིས་གྲོང་མི་དུད་ཚང་བཅུ་གྲངས་དང་མཉམ་དུ་གཅིག་གྱུར་འཆར་འགོད་ངང་འཛུགས་སྐྲུན་བྱས་པའི་གྲོང་ཚོ་གསར་པར་སྤོས་པ་དང་མི་ཕྱུགས་ལོགས་དབྱེའི་ཐོག་སོ་གསུམ་ལྡན་གྱི་ཁང་པར་སྤོས་པ་མ་ཟད་ཁྱིམ་ཚང་ཚང་མར་ཆུ་ཀ་ལ་དང་གློག་ཤར་གཏོང་ཐུབ་ཡོད་པ་རེད། སྲིད་གཞུང་གི་རྒྱབ་སྐྱོར་འོག་ཁོང་གིས་རང་ཁྱིམ་གྱི་ཐོག་སོ་གཉིས་པ་དེ་ཁྱིམ་ཚང་མགྲོན་ཁང་ལ་སྒྱུར་བཀོད་བྱས་ཡོད།

     “ལོ་30ལྷག་ཙམ་གོང་ཐོག་མར་དེ་གར་སྤོ་སྐབས་ཆུ་དང་གློག་མེད་པས་འཚོ་བ་ཧ་ཅང་ཁ་ཐང་པོ་ཡོད་སྟབས་ཚང་མས་ཇི་ལྟར་བྱས་ནས་རྫོང་གྲོང་དུ་སྤོ་རྒྱུའི་ཐད་བསམ་བློ་གཏོང་གི་ཡོད་པ་རེད།

     ད་ཆ་འཚོ་བའི་ཆ་རྐྱེན་ཐད་གྲོང་ཁྱེར་དང་ཧེ་བག་གང་ཡང་མེད། འགྲོ་ལམ་ཤར་གཏོང་ཐུབ་པ་དང་། སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ། ཁ་གསབ་མང་དུ་ཕྱིན་པ་བཅས་ལས་ཁྱིམ་གྱི་སྒོ་རྩར་ཕྱུག་འགྱུར་ཐུབ་པས་གཞོན་ནུ་མང་པོ་ཞིག་གིས་གྲོང་ཚོར་ལོག་ནས་ཡུལ་སྐོར་ལས་ལ་ཞུགས་ཀྱི་ཡོད”ཅེས་སྤེན་པ་དགྲ་འདུལ་གྱིས་བཤད། དེ་སྔ་མག་མག་གྲོང་ཚོར་མི་མང་པོ་མེད། ད་ལྟ་ཁྱིམ་ཚང་མགྲོན་ཁང་51དང་། ཟ་ཁང་7 ཇ་ཁང་5 ཚོང་ཁང་5 མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་7བཅས་བཙུགས་ཡོད་པས་གྲོང་ཚོ་ཡོངས་ཀྱི་ལོ་རེའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་ཟིན་གྱི་ཡོད་པ་རེད།

     འདེགས་སྐྱོར་ཐོན་ལས་གནད་འཁེལ་བཙལ་ནས་ཐོན་ཁུངས་ཀྱི་ལེགས་ཆས་ཐོན་ལས་དབུལ་སྒྲོལ་ལ་རམ་འདེགས་བྱེད་པ།

     གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་འགག་རྩ་རེད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་འབྲོག་ལས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཁྱད་ལྡན་ཐོན་ལས་ཐབས་སྒྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

ཕག་རིའི་འབྲི་གཡག་ནི་སྔར་ནས་གྲོ་མོའི་སྐད་གྲགས་ཀུན་ཏུ་ཁྱབ་པའི་འབྲོག་ལས་ཐོན་རྫས་སྤུས་ལེགས་ཤིག་རེད་ལ། རྒྱལ་ཁབ་རིམ་པའི་རྒྱུན་འཛིན་སྤུས་ལེགས་ཐོན་ཁུངས་ཀྱི་སྲུང་སྐྱོང་རྒྱུད་པ་ཞིག་ཀྱང་རེད། འོན་ཀྱང་སྔོན་ཆད་གསོ་ཚགས་ཀྱི་གཞི་ཁྱོན་ཧ་ཅང་ཆུང་བ་མ་ཟད་བཤས་གཏོང་ཚད་མང་པོ་མེད། ཉེ་བའི་ལོ་ཤས་རིང“ཀུང་སི་དང་། མཉམ་ལས་ཁང་། འབྲོག་པ་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་ལ་བརྟེན་ནས་གྲོ་མོ་རྫོང་གིས་ཀུང་སི་བཙུགས་ཏེ་སྲུང་སྐྱོང་དང་། རྒྱ་སྐྱེད། གཞི་ཁྱོན་ལྡན་པའི་གསོ་ཚགས། ལས་སྣོན་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་འབྲི་གཡག་ཐོན་ལས་ཀྱི་འཁོར་འབྲེལ་བཏོད་ཡོད་པ་རེད། “འབྲི་གཡག་ཐོན་ལས་འཕེལ་རྒྱས་ཕྱིན་པས་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། འབྲོག་པ་ཚོར་ཕྱུག་འགྱུར་ཐབས་ལམ་གསར་པ་ཞིག་ཀྱང་བཏོད་དེ་སྔ་རྗེས་སུ་མི་4450ལ་འབབ་འཕར་སྣེ་ཁྲིད་བྱས་པ་དང་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་1200ལྷག་ཙམ་བྱུང་ཡོད”ཅེས་ཕག་རི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་བཤད།

     ཐོན་ལས་དར་ཞིང་རྒྱས། མཐའ་མཚམས་མི་སེར་ཕྱུག འདི་ལོའི་ཟླ་6པའི་ཟླ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱིས་འདེབས་འཛུགས་ཐོན་ལས་མུའུ་ཁྲི་2.15འཕེལ་རྒྱས་བཏང་བ་དང་། ཕྱུགས་རིགས་མགོ་གྲངས་ཁྲི་3.65གསོ་ཚགས་བྱས་པ། ཞིང་འབྲོག་ཐོན་རྫས་ལས་སྣོན་ཁང་427དང་མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་ས་ཚིགས་42ལས་འགོ་བཙུགས་པ་བཅས་བྱས་པས་མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་མི་རིགས་ཁག་གི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐོན་ལས་ཀྱི་ལེགས་ཆར་མགྱོགས་མྱུར་འགྱུར་བཞིན་ཡོད་པ་རེད།

ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ནས་ལག་གཉིས་ལ་བརྟེན་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ།

     གསར་འགོད་པ་གམ་པ་རྫོང་དགྱེས་རུ་གྲོང་ཚོར་བསྐྱོད་པ་ཡིན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བར་རྒྱུད་དུ་གནས་པའི་གྲོང་སྡེ་དེས་འབྲོག་ལས་གཙོ་བོར་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་དྲོད་ཁང་ཆེ་མོའི་སྔོ་ཚལ་འཕེལ་རྒྱས་བཏང་བས་ཁྱིམ་ཚང་ཚང་མ་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་བོད་བཟོའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་ཡོད། གཟའ་འཁོར་རེའི་རེས་གཟའ་ཟླ་བའི་སྔ་དྲོ་ནི་གྲོང་མི་ཚོས་མཐའ་སྲུང་དཔོན་དམག་དང་མཉམ་དུ་རྒྱལ་དར་སྒྲེང་བའི་གཏན་འཇགས་ཀྱི་དུས་ཚོད་ཅིག་ཡིན་པ་དེ་ལོ་བཅུ་གྲངས་རྒྱུན་འཁྱོངས་བྱས་ཡོད། “མཐའ་མཚམས་སུ་རྒྱལ་དར་སྒྲེང་བ་དེས་ས་ཆ་དེ་ནི་ང་ཚོའི་ཀྲུང་གོའི་ས་ཆ་ཡིན་པས་མི་སུ་ཞིག་གིས་ཀྱང་བཙན་འཛུལ་བྱེད་མི་ཆོག་པ་མཚོན་གྱི་ཡོད”ཅེས་ལོ་54ལ་སླེབས་པའི་ཏང་ཡོན་རྒན་གྲས་ཟླ་འཛིན་གྱིས་བཤད།

     རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོ་དེ་མཐའ་མཚམས་དང་ཐག་ཉེ་པོ་ཡོད། གྲམ་པའི་འདབས་ཀྱི་ས་ཆའི་རྒུན་འབྲུམ་དྲོད་ཁང་ཆེ་མོར་གྲོང་མི་10ལྷག་ཙམ་གྱིས་ཀྲེ་ཅང་ནས་གདན་དྲངས་པའི་དགེ་རྒན་གྱི་ས་ནས་རྒུན་འབྲུམ་སྦྱར་ག་སྤྲོད་པའི་ལག་རྩལ་སྦྱོང་བཞིན་ཡོད་པ་རེད། ས་མ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་རྣམ་འཛོམས་ཀྱིས་གསར་འགོད་པར། “དེ་སྔོན་འཚོ་བ་སྐྱོ་པོ་ཡོད་པས་གྲོང་ཚོའི་ལས་བྱེད་པས་སྐད་ཆ་ཤོད་སྐབས་ཉན་མཁན་མེད། ལོ་དེ་དག་ནང་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཇེ་མང་དུ་སོང་བས་ཚང་མར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་དང་གྲོང་ཚོའི་ལས་དོན་ཇི་ཙམ་སྒྲུབ་པ་དེ་ཙམ་གྱིས་ལམ་ལྷོངས་བྱུང་བས་གྲོང་མི་ཚོས་ལས་དོན་ཆེ་ཆུང་གང་ཞིག་ཡིན་རུང་གྲོང་ཚོའི་ལས་བྱེད་པ་བཙལ་ནས་གྲོས་བསྡུར་བྱེད་འདོད་ཡོད་པ་དང་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་འོག་གང་མགྱོགས་ཁྱིམ་དར་ཕྱུག་འགྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

     བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་འདུ་འགོད་ཀྱི“མདུན་སྐྱོད་དམག”ཅིག་ཡིན་པའི་ངོས་ནས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དེ་འཆར་གཞི་ལྟར་ན་2020ལོར་རྩ་བའི་ཆར་ལེགས་སྒྲུབ་ཟིན་ནས་སྐལ་བཟང་མེ་ཏོག་དང་འདྲ་བར་མེས་རྒྱལ་གྱི་མཐའ་མཚམས་སུ་རྩ་བ་ཚུགས་པའི་བོད་ཀྱི་མི་རིགས་ཁག་གི་མཐའ་མཚམས་མི་སེར་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་ལམ་བུའི་ཐོག་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཕོ་བྲང་པོ་ཏ་ལར་ལོ་རེའི་ཐེངས་རེ་ཅན་གྱི་དཀར་རྩི་བྱུག་འགོ་བརྩམས།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཐོབ་ཆ་མཐོ་རུ་གཏོང་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།