2018-10-11
ཟླ་བ་དགུ་པའི་ཚེས་དགུ་ཉིན། སྐུ་ཞབས་རྒན་ཚུལ་ཁྲིམས་གཞན་ཕན་ལགས་ཀྱི་བརྩམས་ཆོས《དག་འགྲེལ་བློ་གསལ་མགུལ་རྒྱན》པར་ཐེངས་གཉིས་པའི་དཔྱད་གླེང་མཛད་སྒོ་ཆེན་མོ་སྤེལ་བ་རེད།
སྲིད་པའི་རྒྱན་གཅིག་གྲུ་འཛིན་གཉིས་པ་མཁའ་དབྱིངས་མཐོན་པོར་རབ་འཕགས་ལ།།
མཚན་དཔེའི་ལེགས་ཚོགས་ཀུན་ནས་འདུས་པའི་བྱིན་ཅན་ཇོ་ཤཱག་རྣམ་གཉིས་སོགས།།
སྲིད་འདིའི་དགེ་མཚན་མ་ལུས་འདུས་པའི་ལྷ་ལྡན་གྲོང་གི་གནས་མཆོག་ཏུ། །
ལྷག་བསམ་རབ་དཀར་ཤེས་བྱས་ཕྱུག་པའི་བཙན་པོའི་གདུང་རྒྱུད་ཁྱུ་ཚོགས་ཤིག།
ཡིད་ཀྱི་འདུན་པ་གཅིག་ཏུ་མཐུན་ཞིང་བཀྲ་ཤིས་ཁ་གཡང་སྒྲོག་བཞིན་དུ། །
རང་གི་རིགས་ལ་ཞེན་པ་དཀར་བའི་བཤེས་གཉེན་ཚུལ་ཁྲིམས་གཞན་ཕན་གྱིས། །
ལོ་མང་འབད་བརྩོན་ལྡབ་བརྒྱ་གནང་བའི་དག་ཡིག་མཁས་པ་དགའ་སྐྱེད་ཀྱི། །
འགྲེལ་བ་བློ་གསལ་འགུལ་རྒྱན་ཞེས་པ་བློ་ལྡན་དགྱེས་པའི་ནོར་མཆོག་དེ།།
གངས་ཅན་ཞིང་དུ་མངོན་པར་འཁྲུངས་པའི་བཀྲ་ཤིས་སྒོ་མོ་འདི་ནས་ཕྱེ།།
ཞེས་ཚིགས་སུ་བཅད་པའི་བཀྲ་ཤིས་ཁ་གཡང་སྔོན་དུ་བཏང་སྟེ། དགེ་བའི་བཤེས་གཉེན་ཚུལ་ཁྲིམས་གཞན་ཕན་གྱིས་བརྩམས་གནང་བའི་དག་ཡིག་མཁས་པ་དགའ་སྐྱེད་ཀྱི་འགྲེལ་བ་བློ་གསལ་མགུལ་རྒྱན་ཞེས་པའི་དེབ་གསར་འགྲེམས་བསྒྲགས་དང་དཔྱད་གླེང་ཚོགས་འདུ་དེ་མདོ་འཛིན་པ་འོད་ཟེར་རྒྱལ་པོ་དང་། ཆོས་སྐྱིད་སྒྲོལ་མ་གཉིས་ཀྱིས་དངོས་སུ་མདོ་འཛིན་པ་བྱས་ཏེ། ཐོག་མར་སློབ་གསོའི་ཞིབ་འཇུག་པ་དང་ན་གཞོན་ཚོང་ལས་པ་ཁྲི་ཏོ་རེས་དེབ་གསར་འདི་དང་འབྲེལ་བའི་གཏམ་བཤད་གནང་བ་དང་།
དེ་རྗེས་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་། རྒྱལ་ཁབ་རིམ་པའི་གྲགས་ཅན་དགེ་རྒན་ཆེན་མོ་བ་རྒན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱིས་བརྡ་སྤྲོད་རིག་པའི་གལ་ཆེན་རང་བཞིན་སྐོར་ཞེས་པའི་ཁ་བྱང་འདིའི་ཐོག་ནས་གསུང་བཤད་ཟབ་རྒྱས་གནང་།
བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒན་གླིང་དབོན་པད་མ་སྐལ་བཟང་ལགས་ཀྱིས་བོད་ཀྱི་བརྡ་སྤྲོད་རིག་པ་དང་ལེགས་སྦྱར་གྱི་སྒྲ་རིག་པའི་སྐོར་གྱི་འབྲེལ་བ་ཞེས་པའི་ཁ་བྱང་འདིའི་ཐོག་ནས་གསུང་བཤད་ཟབ་རྒྱས་གནང་།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རྒན་ནོར་བྲང་ཨོ་རྒྱན་ལགས་ཀྱིས་ཇི་ལྟར་སྣང་བ་ཐམས་ཅད་རང་གི་སེམས་ཞེས་པའི་ཁ་བྱང་འདིའི་ཐོག་ནས་གསུང་བཤད་ཟབ་རྒྱས་གནང་།
དེ་བཞིན་དཔེ་དེབ་འདིའི་རྩོམ་པ་པོ་མཁན་ཚུལ་ཁྲིམས་གཞན་ཕན་ལགས་ནས་ཚང་མར་ཐུགས་རྗེས་ལེགས་འབུལ་གྱི་གསུང་བཤད་གནང་བ་དང་།
བོད་རང་སྐྱོང་ལྗོངས་སྒྱུ་རྩལ་ཞིབ་མཇུག་ཁང་གི་རྒན་ཧོར་ནོར་མོ་ལགས་ཀྱིས་སྲིད་ཇུས་བཟང་པོ་འོག་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་ཅེས་པའི་ཁ་བྱང་འདིའི་ཐོག་ནས་གསུང་བཤད་གནང་།
ཕུན་ཚོགས་བདེ་ལེགས་བཀྲ་ཤིས་ཀུན་འཛོམས་བློ་ལྡན་དགྱེས་པའི་འདུ་ཚོགས་འདིར། །
མཁས་པའི་གསུང་ལས་བཀྲ་ཤིས་དབྱངས་ཀྱི་གངས་ཅན་དར་བའི་གཏམ་སྙན་པོ།།
རྨ་བྱའི་རྣ་བར་འབྲུག་སྒྲ་ཇི་བཞིན་ཀུན་ཏུ་དགའ་བའི་བཀྲ་ཤིས་འདིས། །
དགའ་བའི་ཆུ་འཛིན་རབ་ཏུ་གཡོ་ཞིང་བཀྲ་ཤིས་གྲུ་ཆར་བསུ་ལ་རིངས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10