2018-09-30
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱ་བའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱ་བ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འབྲེལ་བ་དམ་པོ་ཡོད་པས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་འགན་འཁྲིའི་ནུས་པ་ཇེ་ཆེར་གཏོང་བ་དང་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ། མཉམ་ཤུགས་ཆགས་པར་བྱས་ནས། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་ཕྱོགས་བསྡུས་འགོག་སྲུང་དང་རྒུད་སྐྱོབ་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་དགོས། དེང་སྐབས་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཤོས་ཤིག་སྟོན་ཁ་དང་དགུན་ཁར་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱེད་པའི་དུས་སྐབས་སུ་བསླེབ་བཞིན་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་བྱ་བར་གཙིགས་འཛིན་བྱེད་པ་དང་མེ་སྐྱོན་སྔོན་འགོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ལ། ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འགན་འཁྲི་ལ་ཤུགས་སྣོན་པ་དང་བདག་གཉེར་ལས་ཁུངས་ཀྱིས་མེ་སྐྱོན་སྔོན་འགོག་གཙོ་གཞིའི་འགན་འཁྲི་དངོས་འབེབས་དང་ནགས་ཚལ་དང་རྩྭ་སའི་ལས་ཁུངས་ཀྱིས་དོ་དམ་འགན་འཁྲི་ལག་བསྟར་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། རིམ་པ་སོ་སོའི་འཕྲལ་སྒྲུབ་དོ་དམ་ལས་ཁུངས་ཀྱིས་འཕྲལ་སྒྲུབ་རྒུད་སྐྱོབ་སྟོབས་ཤུགས་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ལྟ་ཞིབ་ཚད་ལེན་བྱ་བར་ཤུགས་སྣོན་པ་དང་ལུགས་མཐུན་སྒོས་མེ་སྐྱོན་སྔོན་འགོག་བྱ་བར་བཀོད་སྒྲིག་བྱེད་དགོས་ལ། མེ་གསོད་འགན་འཁྲི་དངོས་འབེབས་བྱས་ཏེ་ནགས་ཚལ་དང་རྩྭ་སར་མེ་སྐྱོན་འབྱུང་བ་གཏན་འགོག་བྱས་ནས་ཚད་ཆེན་པོའི་སྒོ་ནས་མེ་སྐྱོན་གྱི་གྱོང་གུད་ཇེ་ཉུང་དུ་གཏོང་དགོས་ཟེར།
རྒྱལ་སྲིད་ཨུ་ཡོན་ཝང་ཡུང་ཚེས་ཉེར་བརྒྱད་ཉིན་ཚོགས་པའི་རྒྱལ་ཡོངས་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10