2018-09-18
2018ལོའི“ཀྲུང་གོའི་ཆེས་མཛེས་པའི་དུས་དེབ”དཔྱད་འདེམས་མཇུག་འབྲས་སྤྱི་ཟླ9པའི་ཚེས15ཉིན་ཁྱབ་བསྒྲགས་བྱས། 《ཁ་བཏགས་དཀར་པོ།》ལ“ཀྲུང་གོའི་ཆེས་མཛེས་པའི་དུས་དེབ”ཞེས་པའི་མཚན་སྙན་ཐོབ་ཅིང་། ཐེངས་འདིའི་མཚན་སྙན་ཐོབ་པའི་དུས་དེབ་ལས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཡིག་རིགས་ཀྱི་དུས་དེབ་ཉག་གཅིག་དེ་ཡིན་པ་རེད།
“ཀྲུང་གོའི་ཆེས་མཛེས་པའི་དུས་དེབ”གདམ་གསེས་ཀྱི་བྱེད་སྒོ་ནི་ཀྲུང་གོ(ཝུའུ་ཧན།)དུས་དེབ་ཉོ་ཚོང་དངོས་མང་འགྲེམ་སྟོན་ཚོགས་འདུས་གཙོ་གཉེར་བྱས་པ་དང་། གཙོ་བོ་དུས་དེབ་ཀྱི་སྒྲིག་བཟོ་ཇུས་འགོད་དང་དཔར་འདེབས། དུས་དེབ་ཇུས་འགོད་ཀྱི་སྤྱིའི་སྒྱུ་རྩལ་གྲུབ་འབྲས་དང་། བཟོ་རྩལ་དང་ལག་རྩལ་གྱི་མཛེས་ཉམས་གཅིག་བསྡུས་དེ་ཚད་གཞིར་བཟུང་ནས་རང་རྒྱལ་དུས་དེབ་ཀྱི་རྐང་འཛིན་འགྲད་རྩོད་ནུས་པ་ཤུགས་ཆེ་རུ་གཏང་རྒྱུ་དམིགས་སུ་བཟུང་བ་ཞིག་རེད། རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་འདི་ལ་བསྡོམས་པས་དུས་དེབ་རིགས622ཀྱི་རེ་ཞུ་འབྱོར་བ་དང་། གཙོ་གཉེར་སྡེ་ཁག་གིས་བྱ་འགུལ་གྱི་གཏན་འབེབས་ལྟར་ནན་ཏན་སྒོས་ཐོབ་ཐང་ཞིབ་བཤེར་བྱས་མཐར་གདམ་བྱའི་ཁོངས་སུ་དུས་དེབ་རིགས590ཚུད། བྱ་འགུལ་དེ་དྲང་བདེན་དང་མངོན་གསལ། འདྲ་མཉམ་བཅས་ཡོང་བའི་ཆེད་དུ་གཙོ་གཉེར་སྡེ་ཁག་གིས་ད་དུང་ཡིག་ཟམ་བརྒྱུད་ནས་གདམ་བྱའི་ཁྱབ་ཁོངས་སུ་ཚུད་པའི་དུས་དེབ་ཡོངས་ལ《2018ལོའི་ལོ་འཁོར་གྱི“ཀྲུང་གོའི་ཆེས་མཛེས་པའི་དུས་དེབ”གདམ་གསེས་བྱ་འགུལ་གྱི་དྲ་རྒྱའི་འདེམས་ཤོག་སྤྱི་བསྒྲགས།》ཞེས་པ་བསྐུར་བ་དང་། དྲ་རྒྱའི་འདེམས་ཤོག་ཁྲོད། སྤྱིའི་ནུས་ལྡན་འདེམས་ཤོག་གི་ཁ་གྲངས956663ཡོད་པ་དང་། དེ་ལ་ཞུགས་པའི་ཀློག་པ་པོ་དང་དྲྭ་གྲོགས་ཁྲི120ལྷག་ལ་སླེབས། གཙོ་གཉེར་སྡེ་ཁག་གིས་གསར་འགྱུར་དཔེ་སྐྲུན་སྲིད་འཛིན་དོ་དམ་སྡེ་ཁག་བཅས་ཀྱི་འགོ་ཁྲིད་དང་དཔེ་སྐྲུན་སྒྲིག་བཟོ་ཇུས་འགོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་དབང་དག་དཔྱད་འདེམས་ལ་གདན་ཞུས་བྱས། དྲ་རྒྱའི་འདེམས་ཤོག་དང་ཆེད་མཁས་པའི་གདམ་གསེས་བསམ་འཆར་གྱིས་སོ་སོའི20%དང80%ཟིན་ཡོད། གོང་གི་གོ་རིམ་རྣམས་བརྒྱུད་ནས་མཐར་དུས་དེབ་རིགས100བདམས་པ་རེད། ད་ཐེངས་ཁ་བཏགས་དཀར་པོའི་དུས་དེབ་ལ“ཀྲུང་གོའི་ཆེས་མཛེས་པའི་དུས་དེབ”ཀྱི་མཚན་སྙན་ཐོབ་པ་ནི་ཁ་བཏགས་དཀར་པོའི་ཕྱིའི་སྒྲིག་བཟོ་ཇུས་འགོད་དང་། ནང་གི་པར་རིས་དང་ནང་དོན། དཔར་འདེབས་ལག་རྩལ་སོགས་ཕྱོགས་གང་ཐད་ནས་རྒྱལ་ནང་གི་སྤུས་ཚད་ཆེས་མཐོ་བའི་དུས་དེབ་ཀྱི་གྲས་སུ་སླེབས་ཡོད་པ་མཚོན་ཡོད།།
ཁ་བཏགས་དཀར་པོའི་དུས་དེབ་ཀྱི་ངོ་སྤྲོད་མདོར་བསྡུས།
ཁ་བཏགས་དཀར་པོའི་དུས་དེབ་ནི་སི་ཁྲོན་ཏང་དེབ་ཚོགས་པས་གཙོ་གཉེར་བྱས་ཤིང་། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་རྩོམ་སྒྲིག་བྱས་ཏེ་སྤྱི་ལོ2014ལོར་གསར་བཏོན་བྱས། དུས་དེབ་དེ་ནི་གཙོ་བོར་རང་རྒྱལ་གྱི་བོད་ཀྱི་ནང་བསྟན་དགོན་སྡེའི་བླ་གྲྭ་ལ་ཁ་ཕྱོགས་ནས་འགྲེམ་སྤེལ་བྱེད་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་དུས་དེབ་ཅིག་ཡིན། དུས་དེབ་ཀྱི་ཕྱིའི་བཟོ་བཀོད་ལེགས་ལ་པར་རིས་མཛེས་པ་དང་། དཔར་འདེབས་ལག་རྩལ་བཟང་ལ་ཤོག་བུའི་སྤུས་ཚད་ཡག་པ། ནང་གི་ནང་དོན་ཕུན་སུམ་ཚོགས་པས་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་དགའ་བསུ་ཚད་མེད་ཐོབ། དུས་དེབ་འདི་ལ་ན་ནིང་སི་ཁྲོན་གྱི་སྤུས་ཚད་ཆེས་མཐོ་བའི་དུས་དེབ་ཏུ་བདམས་པ་དང་། ད་ཐེངས་ཡང་ཀྲུང་གོའི་ཆེས་མཛེས་པའི་དུས་དེབ་ཀྱི་མཚན་སྙན་ཐོབ།།
༼རྩོམ་སྒྲིག་པ། མགར་རྒྱལ་སྲས།༽
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10