2018-06-14
ཀྲུང་གོའི་མི་དམངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། སྤྱི་ཟླ6པའི་ཚེས8ཉིན་རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འདུ་ཤེས་དང་འཐབ་ཇུས་རོགས་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་ཁྱབ་ཁོངས་ཁག་བར་མཉམ་ལས་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་ནས་དུས་རབས་གསར་པར་ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོན་པོའི་ཐོག་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་མོས་མཐུན་གཅིག་མཐུན་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གྲོས་མོལ་ནང་ཞུགས་པ་རེད།
ཕུའུ་ཅིང་གིས་སྐབས་གསར་པའི་ཙུང་ཐུང་གི་འགན་བཞེས་འགོ་ཚུགས་པར་ཞི་ཅིན་ཕིང་གིས་སླར་ཡང་རྟེན་འབྲེལ་ཞུས་པ་དང་འབྲེལ། ཕུའུ་ཅིང་གིས་ཙུང་ཐུང་གི་འགན་གསར་པ་བཞེས་མ་ཐག་ཀྲུང་གོ་ཉིད་རྒྱལ་དོན་འཚམས་འདྲི་གནང་སའི་རྒྱལ་ཁབ་དང་པོ་དེར་བདམས་པར་བསྔགས་བརྗོད་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུ་བར་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཚགས་ཚུད་པོ་དང་། བརྟན་པོ། སྲ་བརྟན་བཅས་བྱུང་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་ཀྲུང་ཨུ་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཁྱབ་ཁོངས་ཁག་བར་མཉམ་ལས་གཏིང་ཟབ་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་མཉམ་དུ་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཆུ་གཞུང་གི་གཞོམ་མེད་བྲག་རྡོ་ལྟ་བུའི་ནུས་པ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྙིང་རུས་གཏན་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོན་པོའི་སྒོ་ནས་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཕན་ཚུན་དཔྱད་གཞིར་འཛིན་པ། རྒྱལ་སྤྱིའི་བར་གྱི་མཐུན་སྦྱོར་གཞོགས་འདེགས་ཟབ་ཏུ་གཏོང་བ། ཀྲུང་ཨུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འདུ་ཤེས་རྒྱུན་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་རོགས་ལས་འཐབ་ཇུས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། ཀྲུང་ཨུའི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་དང་དུས་བསྟུན་གསར་གཏོད་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་མིག་སྔའི་ཀྲུང་ཨུའི་ཁྱབ་ཁོངས་ཁག་དབར་མཉམ་ལས་མང་པོ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་ཁེ་ཕན་མཉམ་འདྲེས་རྒྱུན་ཆད་མེད་པར་ཟབ་ཏུ་སོང་བར་མ་ཟད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་བར་གྱི་སྦྲེལ་མཐུད་ལ་དུས་འགོའི་ཕན་འབྲས་གལ་ཆེན་ཡང་ཐོབ་ཡོད། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་བསམ་བློ་གསར་པ་དང་བྱ་ཐབས་གསར་པ་ཞིབ་འཇུག་ནན་ཏན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཀྱི་འབྲེལ་བའི་ལེགས་ཆ་དེ་དངོས་དངོས་རྗེན་རྗེན་གྱི་མཉམ་ལས་འབྲས་བུ་མང་པོར་བསྒྱུར་དགོས་ལ། རྒྱལ་ཁབ་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་བར་གྱི་མཛའ་གྲོགས་ཟབ་ཏུ་གཏང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལྟེ་བར་འཛིན་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུའི་འབོད་སྐུལ་བྱེད་པ། གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་འཐབ་ཇུས་བརྟན་པོ་སྲུང་སྐྱོང་བྱེད་པའི་ཐད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་ཚུད་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཁག་དང་མཉམ་དུ་ཆིང་ཏའོ་དབུ་ཚོགས་གོ་སྐབས་སུ་བྱས་ཏེ“ཧྲང་ཧའེ་ཡི་སྙིང་སྟོབས”སྔར་བས་དར་སྤེལ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་མུ་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་འདོད་ཡོད།
ཕུའུ་ཅིང་གིས་བསྟན་དོན། ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ནི་ཨུ་རུ་སུའི་ཕྱི་འབྲེལ་གྱི་སྔོན་ཚུད་ཁ་ཕྱོགས་ཤིག་ཡིན། ཨུ་ཀྲུང་ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་སར་ཕན་ཚུན་ལྟ་རྟོག་བྱེད་པ་དང་། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་ཁག་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བཅས་བྱས་ཡོད།
ཕྱོགས་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ནས་དེང་སྐབས་འཛམ་གླིང་ཐོག་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་མིག་དཔེར་གྱུར་ནས་རྒྱལ་སྤྱིའི་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། མ་དངུལ་གཏོང་འཇོག ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་ནས་ཁོངས་མིའི་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་གནང་བར་ཨུ་རུ་སུ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་གྲུབ་འབྲས་ཐོབ་པའི་ངང་ཆིང་ཏའོ་དབུ་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་ཕྱོགས་གཉིས་པོའི་མཐུན་སྦྱོར་མཉམ་ལས་ཟབ་ཏུ་གཏོང་རྒྱུ་བཅས་བྱེད་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཨུ་ལྷན་གྱི་འགན་ཁུར་བ་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་དཔོན་གྱི་སྙན་སེང་གསན་པ་མ་ཟད། ད་དུང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་དང་དབྱི་རན་གྱི་ཉིང་རྡུལ་གནད་དོན་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས་》ལ་མཚན་རྟགས་བཀོད་པ་དང་འབྲེལ། ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པའི་དཔང་པོའང་གནང་བ་རེད། དེ་རྗེས་ལྷན་དུ་ཀྲུང་ཕྱིའི་གསར་འགོད་པར་ཐུག་འཕྲད་གནང་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཕུའུ་ཅིང་ལ་ཕེབས་བསུའི་མཛད་སྒོ་གཉེར་བ་རེད། ཧན་ཀྲེང་དང་། ཏིང་ཞུའེ་ཞང་། ཝང་ཁྲེན། སུན་ཁྲུན་ལན། དབྱང་ཅེ་ཁྲི། ཧུའུ་ཁྲུན་ཧྭ། ཝང་དབྱི། ལིའུ་ཆི་པའོ། ཧོ་ལི་ཧྥེང་སོགས་ཞུགས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10