རྨ་སྟོད་རྫོང་གིས་བརྡ་ཁྱབ་སྤེལ་ནས་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། མཚོ་སྐར་མའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གནས་སྐོར་བྱ་འགུལ་སྤེལ་བར་བཀག་འགོག་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-05-29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ར་བའི་ཁུལ་གྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། མཚོ་སྐར་མ་བཅས་རང་བྱུང་སྲུང་སྐྱོབ་ན་ལག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ལ་ཕན་འབྲས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱེད་ཆེད། རྨ་སྟོད་རྫོང་སྲིད་གཞུང་གིས་བརྡ་ཁྱབ་སྤེལ་ནས། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། མཚོ་སྐར་མའི་རང་བྱུང་སྲུང་སྐྱོབ་ཡན་ལག་ཁུལ་དུ་གནས་སྐོར་བྱ་བ་སྤེལ་བར་བཀག་འགོག་བྱས། བྱེད་ཐབས་དེའི་དམིགས་ཡུལ་ནི་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པ་དང་། དངོས་རིགས་རྩ་ཆེན་གྱི་འཚོ་སྡོད་བྱེད་སར་ཉེན་ཁ་མི་འབྱུང་བར་ཁག་ཐེག་བྱེད་པ། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཆེད་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གྲུབ་འབྲས་འབུར་ཐོན་ཡིན་པ་དང་། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་མཚན་སྙན་དང་ཤན་ཤུགས་ཀྱང་རྒྱུན་མ་ཆད་པར་ཇེ་མཐོར་སོང་ལ། དེའི་ཁར་འགྲིམ་འགྲུལ་སྟབས་བདེ་བའི་རྐྱེན་གྱིས། རང་འདོད་དུ་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། སྐར་མ་མཚོའི་རང་བྱུང་སྲུང་སྐྱོབ་ཡན་ལག་ཁུལ་དཀྱིལ་སྙིང་ཁུལ་དུ་གནས་སྐོར་ལ་འགྲོ་བའི་སྒོ་ཕྱིའི་ལུས་རྩལ་ཉེན་བརྟག་རྩ་འཛུགས་དང་མི་སྒེར་ཇེ་མང་དུ་སོང་ནས། ཉམས་ཞན་པའི་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་བྱེད་སར་གཏོར་བརླག་ཆེན་པོ་ཐེབས་པ་མ་ཟད། ད་དུང་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་གནས་ཟེར།

དེའི་རྐྱེན་གྱིས་རྨ་སྟོད་རྫོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག་སོགས་འབྲེལ་ཡོད་གཏན་ཁེལ་དང་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་ཀྱི་གྲོས་གཞི་ལྟར། རང་བྱང་སྲུང་སྐྱོབ་ཡན་ལག་ཁུལ་དུ་གནས་སྐོར་བྱ་འགུལ་སྤེལ་བར་བཀག་འགོག་བྱེད་པའི་བརྡ་ཁྱབ་སྤེལ། བརྡ་ཁྱབ་ནང། རྨ་སྟོད་རྫོང་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། མཚོ་སྐར་མ་བཅས་རང་བྱུང་སྲུང་སྐྱོབ་ཡན་ལག་ཁུལ་དུ་སྤྱི་ཚོགས་ཚོགས་པ་དང་ལས་ཁུངས། མི་སྒེར་སོགས་གང་རུང་རང་འདོད་དུ་སོང་ནས་གནས་སྐོར་བྱ་འགུལ་དང་ཉེན་བརྟག་བྱ་འགུལ་སྤེལ་བར་བཀག་འགོག་བྱེད་པ་དང་། རང་འདོད་ལྟར་རང་བྱུང་སྲུང་སྐྱོབ་ཁུལ་དུ་སོང་ནས་གནས་སྐོར་དང་ཉེན་བརྟག་སོགས་བྱ་འགུལ་སྤེལ་མཁན་ཡོད་པ་མཐོང་ཚེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག་སོགས་འབྲེལ་ཡོད་ཁྲིམས་ལུགས་དང་གཏན་ཁེལ་ལྟར་ཆད་གཅོད་བྱེད་རྒྱུ་ཡིན་ལ། གནས་ཚུལ་ཛ་དྲག་ཆེ་ན། འབྲེལ་ཡོད་ཁྲིམས་སྲོལ་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་རེད། གཞུང་དོན་གྱི་ཆེད་དུ་རང་བྱུང་སྲུང་སྐྱོབ་ཡན་ལག་ཁུལ་དུ་སོང་ནས་བྱ་བ་སྤེལ་དགོས་ན། ངེས་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་སྡེ་ཁག་ཏུ་སོང་ནས་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་རྗེས། ད་གཟོད་བྱ་བ་སྤེལ་ཆོག་ཅེས་གཏན་ཁེལ་གསལ་བོ་བྱས་ཡོད། །


  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་རྒྱལ་ཁབ་ཀྱི་ཡིག་ཚགས་གལ་ཆེན་ཁྲི་195ལྷག་ཉར་ཚགས་བྱས།
  • ལེ་ཚན་རྗེས་མ།:སྐབས་ཉི་ཤུ་བའི་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ལོ་ཚོགས་ཧང་ཀྲིག་ནས་ཚོགས་འགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།