སྐལ་ཐུབ་ཀྱིས་བསྒྱུར། 2018-05-03
ཞིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསར། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་བའི་ཚེ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཅི་ཅིན་ཕིང་གིས་ཀྲུང་གོའི་ངལ་རྩོལ་འབྲེལ་བའི་སློབ་གླིང་གི་ངལ་རྩོལ་དཔེ་བཟང་དངོས་གཞི་ཚན་ཁག་འཛིན་གྲྭའི་སློབ་མ་རྣམས་ལ་ཡིག་ལན་བསྐུར་གནང་སྟེ། ཁོ་ཚོ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་། རྒྱ་ཆེ་བའི་ངལ་རྩོལ་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཡིག་ལན་དུ་བསྟན་དོན། ཁྱོད་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆེད་དུ་བྱས་རྗེས་མངོན་གསལ་བཞག་ནས་ངལ་རྩོལ་དཔེ་བཟང་དུ་བདམས་པ་རེད། ད་ལྟ་ཡང་དཔེ་ཀློག་ཟབ་སྦྱོང་བྱེད་བཞིན་ཡོད་པ་འདི་ནི་ཚང་མས་ངལ་རྩོལ་ལྷོད་མེད་དང་ལྷག་བསམ་ཟོལ་མེད་བྱས་པའི་གཟེངས་བསྟོད་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱིས་ངལ་རྩོལ་པར་ཐུགས་ཁུར་གནང་བ་ཡང་རེད།
ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་བསྒྲུབས་ནས་བྱུང་བ་ཡིན་ལ། དུས་རབས་གསར་པ་ཡང་བསྒྲུབས་ནས་བྱུང་བ་ཡིན་པ་རེད་ཅེས་ནན་གསུང་གནང་ཞིང་། ཁྱོད་ཚོས་མཚན་སྙན་ལ་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རང་རང་གི་ལས་སྒོའི་ཐོག་མུ་མཐུད་ནས་འབད་འཐབ་བྱས་པར་བརྒྱུད་གྲུབ་འབྲས་གསར་པ་བསྐྲུན་པ་དང་། ཁྱོད་ཚོའི་ངར་ཤུགས་དང་ཕོད་སེམས། སྙིང་རུས་བཅས་ཀྱིས་མི་དེ་བས་མང་པོ་ལ་སྐུལ་མ་བྱས་ཏེ་རྒྱ་ཆེ་བའི་ངལ་རྩོལ་མང་ཚོགས་ཀྱིས་དུས་རབས་གསར་པའི་འབད་འཐབ་པ་བྱེད་གང་ཐུབ་བྱེད་པར་སྐུལ་མ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ངལ་རྩོལ་ནི་ཆེས་གཟི་བརྗིད་ཆེ་བ་དང་ཆེས་བླ་ན་མེད་པ་ཡིན་ཞིང་། ངལ་རྩོལ་ནི་ཆེས་རླབས་པོ་ཆེ་དང་ཆེས་མཛེས་སྡུག་ལྡན་པ་ཡིན། སྤྱི་ཚོགས་ཡོངས་ཀྱིས་ངལ་རྩོལ་དཔེ་བཟང་ལ་བརྩི་བཀུར་བྱེད་ཅིང་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་བཏང་སྟེ་ངལ་རྩོལ་དྲང་བདེན་བྱེད་པ་དང་ལས་ཀ་ཧུར་བརྩོན་བྱེད་པ་དེ་དར་སྲོལ་ཆགས་པར་བྱ་དགོས།
ངལ་རྩོལ་དཔེ་བཟང་ལ་མཐོ་རིམ་སློབ་གསོ་ཐེབས་པའི་གོ་སྐབས་དེ་བས་མང་པོ་སྤྲད་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངལ་རྩོལ་དཔེ་བཟང་ཚོགས་པར་བཅངས་པའི་ཐུགས་ཁུར་དང་བརྩེ་སེམས་རེད། 1992ལོར། ཀྲུང་གོའི་ངལ་རྩོལ་འབྲེལ་བའི་སློབ་གླིང་གིས་ངལ་རྩོལ་དཔེ་བཟང་དངོས་གཞི་ཚན་ཁག་གསར་དུ་བཙུགས་ཤིང་། སློབ་མ་ཕལ་ཆེར་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན། རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་བཅས་ཡིན་པ་རེད། ཉེ་ཆར། སློབ་གྲྭ་དེའི་ངལ་རྩོལ་དཔེ་བཟང་དངོས་གཞི་ཚན་ཁག་གི་སློབ་མ་ཡོངས་རྫོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བྲིས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་མྱོང་ཚོར་སྙན་སེང་ཞུས་ནས། བདག་པོ་ཡག་པོ་བྱ་རྒྱུ་དང་དུས་རབས་གསར་པར་བྱས་རྗེས་གཞག་རྒྱུ་ཡིན་པའི་ཆོད་སེམས་མཚོན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10