སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན།

སྐལ་ཐུབ་ཀྱིས་བསྒྱུར།        2018-03-12

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན།

    སྤྱི་ཟླ2པའི་ཚེས10ནས13ཉིན་གྱི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་གྱི་ལིའང་ཧྲན་ཞི་ཁྲང་གྲོང་ཁྱེར་དང་། ཀྲའོ་ཅོ་རྫོང་། རྔ་བ་ཁུལ་གྱི་ཝུན་ཁྲོན་རྫོང་། ཁྲེང་ཏུའུ་གྲོང་ཁྱེར་བཅས་སུ་ཕེབས་ནས་དབུལ་ཐར་འགག་སྒྲོལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ས་འགུལ་གྱི་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀ་བཅས་ལ་གཟིགས་ཞིབ་ཁྲིད་སྟོན་གནང་བར་མ་ཟད། དབུལ་ཐར་གནད་སྨིན་འགག་སྒྲོལ་གྱི་བཞུགས་མོལ་གྲོས་ཚོགས་དང་སི་ཁྲོན་ཞིང་ཆེན་གྱི་ལས་དོན་སྙན་སེང་གྲོས་ཚོགས་སུ་གསུང་བཤད་གལ་ཆེན་གནང་བ་རེད། ཐེངས་འདིའི་གཟིགས་ཞིབ་ཁྲིད་སྟོན་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་བའི་ས་ཚུགས་དང་པོ་དེ་ཡིན་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་དབྱང་དུ་ཕྱག་ལས་གནང་རྗེས་ཀྱི་ལོ་བཅུའི་ནང་དུ་སི་ཁྲོན་ལ་གཟིགས་ཞིབ་གནང་ཐེངས་ལྔ་པ་ཡང་ཡིན་པས། དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སི་ཁྲོན་གྱི་ལས་ཀར་མཐོང་ཆེན་དང་རེ་སྨོན་གནང་བ་མཚོན་ཐུབ་པ་རེད། ཞིང་ཆེན་ཏང་ཨུས་སྤྱི་ཟླ2པའི་ཚེས14ཉིན་ལ་སྔོན་རྗེས་སུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ་ཆེད་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་རང་རེའི་ཞིང་ཆེན་གྱི་ལག་བསྟར་དོན་འཁྱོལ་གཏོང་བའི་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུས་ཟླ་བ2པའི་ཚེས23ཉིན་ཁུལ་ཨུའི་རྒྱུན་ཨུའི་རྒྱས་འཛོམས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་སྙིང་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་ཤིང་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་ཅི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཏེ། དེ་མ་ཐག་ཚ་ཚ་འུར་འུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ལས་ཀའི་བཀོད་སྒྲིག་དང་ཁུལ་ཡོངས་ཀྱི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་དགུས་ཁུལ་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་ཆགས་པར་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་འབུལ་དགོས་པའི་སྐུལ་སློང་བྱས་པ་རེད།

   གཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གནང་བའི་གསུང་བཤད་གལ་ཆེན་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་འགོ་བཙུགས་པ་དང་སི་ཁྲོན་ཞིང་ཆེན་གྱི་གནས་ཚུལ་དང་ལས་ཀའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ཏང་གི་འཛུགས་སྐྱོང་བཅས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཡང་སྒོས་སུ་སི་ཁྲོན་ལ་སྤྱིའི་བླང་བྱ་གཅིག་དང་ཕྱོགས་ལྔའི་ཐད་ཀྱི་ལས་ཀའི་བླང་བྱ་གལ་ཆེན་བཏོན་གནང་ཞིང་། ཁྲིད་སྟོན་གྱི་ཁ་ཕྱོགས་གསལ་བས་མིག་སྔར་དང་ཕྱིན་ཆད་ཀྱི་དུས་རིམ་ནང་ཞིང་ཆེན་ཡོངས་ཀྱི་ལས་ཀ་སྤྱིའི་རྩ་གནད་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྔར་ལྷག་གིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལྟ་བུའི་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་ཅིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་དབུ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་ལ་གཏད་ནས་སེམས་ཐག་གཙང་བཅད་ཀྱིས་མདུན་དུ་སྐྱོད་པ་དང་། ཅི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ཟབ་མོ་བྱས་ཏེ་བྱང་ཆུབ་པར་ཤེས་པ་དང་དོན་ཐོག་འཁྱོལ་བར་ཤུགས་དངོས་རྒྱག་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཅི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་ཅིང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་དུ་དོན་ཐོག་འཁྱོལ་ཞིང་གྲུབ་འབྲས་སྨིན་པར་སྐུལ་འདེད་གཏོང་བ་དང་། སྔར་ལྷག་གིས་སི་ཁྲོན་བཅོས་སྐྱོང་དར་སྤེལ་གྱི་སྤྱི་ཁོག་བཀོད་སྒྲིག་དང་འཐབ་ཇུས་བློ་བཀོད། སྲིད་ཇུས་བྱེད་ཐབས་བཅས་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ནམ་ཡང་སྒྱིག་ལུག་མི་བྱེད་པའི་བསམ་པའི་འཁྱེར་སོ་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པར་བླང་པར་བྱས་རྗེས་གསར་པ་གཞག་ཅིང་མཛེས་སྡུག་དར་རྒྱས་དང་འཆམ་མཐུན་གྱི་སི་ཁྲོན་འཛུགས་སྐྲུན་ཇེ་མགྱོགས་སུ་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ཡོད་ལ། སྔར་ལྷག་གིས་སི་ཁྲོན་གྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཤིང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པ་དང་གནས་བབ་གསར་པའི་འོག་སི་ཁྲོན་གྱི་ལས་ཀ་ཡག་པོ་བསྒྲུབ་པར་གཞི་རྩའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཏོན་པ་རེད།

   གཉིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡང་དག་པར་ཁོང་དུ་ཆུད་དགོས།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་གཙོ་གནད་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་གནད་སྨིན་འགག་སྒྲོལ་གྱི་བཞུགས་མོལ་གྲོས་ཚོགས་དང་སི་ཁྲོན་ཞིང་ཆེན་གྱི་ལས་དོན་སྙན་སེང་གྲོས་ཚོགས་སུ་གསུངས་པའི་གསུང་བཤད་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་དུ་གསུངས་པའི་གསུང་བཤད་ཀྱི་ནང་དོན་ཁྲོད་དུ་འདུས་ཡོད་པ་རེད།

(གཅིག) སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་གནད་སྨིན་འགག་སྒྲོལ་ཡག་པོ་བྱེད་པའི་བཞུགས་མོལ་གྲོས་ཚོགས་སུ་གསུངས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡང་དག་པར་ཁོང་དུ་ཆུད་དགོས།

   སྤྱི་ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲེང་ཏུའུ་རུ་དབུལ་ཐར་གནད་སྨིན་འགག་སྒྲོལ་ཡག་པོ་བྱེད་པའི་བཞུགས་མོལ་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ནས་དབུལ་ཐར་འགག་སྒྲོལ་གྱི་གོང་འཕེལ་གནས་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་བ་དང་། གཅིག་བསྡུས་ཀྱིས་ཕྱིན་ཆད་ལོ3གྱི་དབུལ་ཐར་འགག་སྒྲོལ་གྱི་ཐབས་ཇུས་ལ་ཞིབ་འཇུག་གནང་བ་རེད། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བླང་བྱ་ནས་འགོ་བཙུགས་ཏེ་དབུལ་སྐྱོར་གསར་འབྱེད་ལས་ཀ་དེ་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ནང་དུ་བཞག་ནས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོའི་ལས་འགན་གཙོ་བོར་བྱས་ཤིང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ་ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་བྱ་འགོ་བརྩམས་ཡོད། དབུལ་ཐར་འགག་སྒྲོལ་གྱི་བྱེད་ཤུགས་དང་གཞི་ཁྱོན་ཧ་ཅང་ཆེ་ཞིང་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་སྔར་བྱུང་མྱོང་མེད་ཅིང་གཏན་འབེབས་རང་བཞིན་གྱི་གོང་འཕེལ་བྱུང་ཡོད།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ང་ཚོས་ཏང་གིས་དབུལ་ཐར་འགག་སྒྲོལ་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་བརྒྱབ་ཅིང་། རང་འགན་རང་སྒྲུབ་དང་རང་འཁྲི་རང་ལེན་གྱི་འགན་འཁྲིའི་མ་ལག་དང་། དབྱེ་འབྱེད་གནད་སྨིན་དང་དབུལ་ཐར་གནད་སྨིན་གྱི་ལས་ཀའི་མ་ལག  གོང་འོག་མཉམ་འགུལ་དང་གཅིག་གྱུར་མཐུན་སྦྱོར་གྱི་སྲིད་ཇུས་མ་ལག མ་དངུལ་འགན་ལེན་དང་མི་ཤུགས་ཆེར་གཏོང་གི་མ་དངུལ་འཇོག་པའི་མ་ལག  ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་གྲོང་སྡེ། དུད་ཚང་། མི་བཅས་ལ་བསྟུན་ནས་སྲིད་ཇུས་ལག་ལེན་བསྟར་བའི་རོགས་སྐྱོར་མ་ལག རྒྱ་ཁྱབ་ཏུ་ཞུགས་པ་དང་ཤུགས་བསྒྲིལ་ནས་འགག་སྒྲོལ་བྱེད་པའི་སྤྱི་ཚོགས་སྐུལ་སློང་གི་མ་ལག ཐབས་ལམ་སྣ་མང་དང་ཕྱོགས་ཡོངས་ཁེབས་པའི་ལྟ་སྐུལ་མ་ལག་དང་ཆེས་ནན་པོའི་ཞིབ་བཤེར་དཔྱད་དཔོག་མ་ལག་བཅས་བཙུགས་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཐར་འགག་སྒྲོལ་གྱི་ལམ་ལུགས་མ་ལག་ཅིག་ཆགས་པ་དང་། དབུལ་ཐར་འགག་སྒྲོལ་ཡོང་བར་ལམ་ལུགས་ཀྱི་འགན་ལེན་ཕན་ནུས་ལྡན་པ་སྤྲད་ཅིང་འཛམ་གླིང་གི་དབུལ་ཕོངས་ཉུང་འཕྲི་གཏོང་བའི་བྱ་གཞག་ལ་ཀྲུང་གོའི་བློ་རིག་དང་ཀྲུང་གོའི་འཆར་འགོད་ཕུལ་ཡོད་པ་རེད།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ། ང་ཚོས་ཉམས་མྱོང་རྩ་ཆེན་མང་པོ་བསགས་ཡོད། གཅིག་ནི་ཏང་གིས་དབུ་ཁྲིད་གནང་བ་རྒྱུན་འཁྱོངས་དང་རྩ་འཛུགས་ཀྱིས་ཁག་ཐེག་བྱེད་ཤུགས་ཆེ་རུ་བཏང་བ། དབུལ་ཐར་འགག་སྒྲོལ་གྱི་འགོ་ཁྲིད་གཙོ་བོའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱས་ཤིང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཡུལ་གྲོང་བཅས་རིམ་པ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་བྱས་ཏེ་དབུལ་ཐར་འགག་སྒྲོལ་ཡོང་བར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ཁག་ཐེག་བྱས་ཡོད་པ་རེད། གཉིས་ནི་ཐབས་ཇུས་གནད་ལ་སྨིན་བ་རྒྱུན་འཁྱོངས་དང་དབུལ་ཐར་གྱི་ཕན་འབྲས་ཇེ་ཆེར་བཏང་ནས་སུ་ལ་རོགས་སྐྱོར་བྱ་དགོས་པ་དང་སུས་རོགས་སྐྱོར་བྱ་དགོས་པ། རོགས་སྐྱོར་ཅི་འདྲ་བྱ་དགོས་པ། དབུལ་ཕོངས་ཀྱི་གྲས་ནས་ཅི་འདྲ་ཕྱིར་འཐེན་དགོས་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཤིང་། དབུལ་སྐྱོར་དོན་ལ་གནས་པ་དང་འབྱུང་རྩ་ནས་དབུལ་སྐྱོར་བྱས་ཡོད་པ་རེད། གསུམ་ནི་མ་དངུལ་འཇོག་ཤུགས་ཇེ་ཆེར་བཏང་བ་རྒྱུན་འཁྱོངས་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲིད་གཞུང་གི་གཙོ་གཞིར་མ་དངུལ་བཏང་བ་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཤིང་སྤྱི་ཚོགས་ཀྱི་མ་དངུལ་ནང་འདྲེན་བྱས་ཏེ་དབུལ་ཐར་འགག་སྒྲོལ་དུ་རྒྱ་ཁྱབ་ཏུ་ཞུགས་པར་བྱས་ཡོད། བཞི་ནི་སྤྱི་ཚོགས་ལ་སྐུལ་སློང་བྱ་རྒྱུ་རྒྱུན་འཁྱོངས་དང་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྲིད་གཞུང་དང་སྤྱི་ཚོགས་ཕྱོགས་གཉིས་ཀའི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཚོགས་ཡོངས་རྫོགས་རྒྱ་ཁྱབ་ཏུ་དབུལ་ཐར་འགག་སྒྲོལ་དུ་ཞུགས་པའི་གནས་བབ་ཆགས་སུ་བཅུག་ཡོད། ལྔ་ནི་བླང་བྱ་ནན་པོར་བཏོན་པ་རྒྱུན་འཁྱོངས་དང་དངོས་འཛིན་དངོས་སྒྲུབ་བྱེད་པར་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་བླང་བྱ་དེ་དབུལ་ཐར་འགག་སྒྲོལ་ལས་ཀའི་བརྒྱུད་རིམ་ཡོངས་དང་གནད་འགག་ཐུག་ས་ཁག་ཏུ་བརྒྱུད་ཐུབ་པར་བྱས་ནས་དབུལ་ཐར་ལས་ཀ་དོ་དན་ཡིན་པ་དང་དབུལ་ཐར་མཇུག་འབྲས་བདེན་པ་ཡིན་པར་ཁག་ཐེག་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ལག་ལེན་དངོས་དང་ལོ་རྒྱུས་ཀྱིས་ཉམས་སད་ཐུབ་པར་བྱེད་དུ་བཅུག་ཡོད། དྲུག་ནི་མང་ཚོགས་གཙོ་གཞི་བྱས་པ་རྒྱུན་འཁྱོངས་དང་ནང་གནས་སྒུལ་ཤུགས་བསླངས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་མ་བསྐུལ་དང་བླངས་ཀྱི་རང་བཞིན། གསར་གཏོད་རང་བཞིན་བཅས་བསྐུལ་ནས་མི་དམངས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ཀྱིས་དབུལ་ཐར་འགག་སྒྲོལ་ལ་འདེགས་སྐྱོར་བྱས་པ་བཅས་སོ།། ཉམས་མྱོང་འདི་དག་ཤིན་ཏུ་རྩ་ཆེན་ཡིན་པས་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད་རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་གཏང་དགོས།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དབུལ་ཐར་འགག་སྒྲོལ་ལ་ཐུག་པའི་དཀའ་ཚེགས་དང་འགྲན་སློང་ནི་སྔར་བཞིན་ཆེན་པོ་ཡིན་ཞིང་ཐག་གཅོད་བྱ་དགོས་པའི་མངོན་གསལ་གནད་དོན་ད་དུང་མི་ཉུང་བ་ཡོད་པ་རེད། ཕྱིན་ཆད་ཀྱི་ལོ་གསུམ་ནང་དུ་མི་ཁྲི3000དབུལ་ཐར་ཡོང་བའི་གནོན་ཤུགས་མི་ཆུང་ཞིང་དཀའ་ཚེགས་ཀྱང་མི་ཆུང་། དེར་མ་ཟད་དུས་རྗེས་མ་ནས་རྗེས་མའི་ལས་ཀའི་དཀའ་ཚེགས་དེ་བས་ཀྱང་ཆེ་བ་རེད། དབུལ་ཐར་འགག་སྒྲོལ་ལས་ཀའི་ཁྲོད་དུ་ད་དུང་ཕྱི་ཚུལ་རིང་ལུགས་དང་དཔོན་པོ་རིང་ལུགས། མི་བདེན་རྫུན་སྒྲིག འཚབ་འཚུབ་དང་ཡི་ཆད་པའི་བསམ་པ་སྔར་བཞིན་ཡོད་པར་མ་ཟད། དེ་མིན་སྒྱིག་ལུག་རུལ་སུངས་ཀྱི་སྣང་ཚུལ་ཡང་མུ་མཐུད་དེ་གནས་ཡོད་ཅིང་འགའ་ཤས་ནི་ཤིན་ཏུ་ཚབས་ཆེན་ཡང་ཡིན་པ་རེད། ལེགས་འགྲུབ་འབྱུང་ཉེར་དཀའ་ངལ་ལྷག་པར་ཆེ། ངེས་པར་དུ་ཡང་འབད་བསྐྱར་འབད་དང་འབད་འཐབ་ཆད་མེད་བྱེད་པའི་སྤྱོད་ཚུལ་དར་སྤེལ་བཏང་ནས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱ་དགོས།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་བྱ་དགོས་ན་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དབུལ་ཐར་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་དེ་སྔོན་དུ་བཞག་ནས་ཤིན་ཏུ་དབུལ་ཕོངས་ཀྱི་ས་ཁུལ་ལ་དམིགས་ཤིང་ལས་ཀ་ཁག་དོ་དན་ངང་ནས་སྐུལ་འདེད་གཏང་དགོས་ཞེས་བསྟན་པར་མ་ཟད། བླང་བྱ་བརྒྱད་ཀྱང་བཏོན་གནང་བ་རེད།

   གཅིག སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས། རིམ་ཁག་གི་ཏང་སྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་རྒན་པས་ངེས་པར་དུ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོས་སྐུ་ངོ་མས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་དམ་འཛིན་བྱ་དགོས། དབུལ་ཕོངས་རྫོང་གིས་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་གཙོ་འགན་འཁུར་བ་དང་། འགོ་ཁྲིད་རྒན་པ་ནི་འགན་འཁྲི་མི་སྣ་དང་པོ་ཡིན་པས་ནུས་ཤུགས་གཙོ་བོ་དབུལ་ཐར་འགག་སྒྲོལ་གྱི་ཐོག་ཏུ་འདོན་དགོས་པ་རེད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་དབུལ་ཐར་འགག་སྒྲོལ་གྱི་བྱ་སྤྱོད་འཆར་གཞི་ཞིབ་འཇུག་གཏན་འབེབས་བྱས་ཏེ་ལོ་གསུམ་གྱི་དབུལ་ཐར་འགག་སྒྲོལ་གྱི་དུས་ཚོད་རེའུ་མིག་དང་འཆར་རིས་མངོན་གསལ་བཟོས་ནས་དབུལ་ཐར་འགག་སྒྲོལ་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱ་དགོས།

   གཉིས། དམིགས་འབེན་གྱི་ཚད་གཞི་རྒྱུན་འཁྱོངས་བྱ་དགོས། 2020ལོར་བསླེབ་ཚེ་ད་ཡོད་ཀྱི་ཚད་གཞི་འོག་ཞིང་སྡེའི་དབུལ་ཕོངས་མི་འབོར་ཐམས་ཅད་དབུལ་ཐར་ཡོང་བར་ཁག་ཐེག་བྱས་ནས་དབུལ་པོ་དབུལ་རྐྱང་མེད་པར་བཟོ་དགོས། དབུལ་ཕོངས་རྫོང་ཐམས་ཅད་ཀྱི་དབུལ་ཞྭ་ཕུད་ཐུབ་པར་ཁག་ཐེག་བྱས་ནས་ས་ཁོངས་རང་བཞིན་གྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱ་དགོས། དབུལ་ཕོངས་མི་འབོར་ལ་སེམས་ཁྲལ་བྱ་མི་དགོས་པ་གཉིས་དང་འགན་ལེན་གསུམ་བརྟན་པོར་འཐོབ་པར་བྱེད་ཅིང་དབུལ་ཕོངས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་དམིགས་ཚད་གཙོ་བོ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་བྱ་དགོས། ཚད་གཞི་དམའ་རུ་བཏང་ནས་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་མི་རུང་ལ། ཚད་གཞི་མཐོ་རུ་བཏང་ནས་སྤྲོ་སྣང་ཆེ་རུ་གཏོང་མི་ཉན།

   གསུམ། སྒྲིག་སྲོལ་དང་ནང་སྲོལ་འཛུགས་ཤུགས་ཆེ་རུ་གཏང་དགོས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་གྱིས་སྤྱི་འགན་ཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་ཐོག་འཁྱོལ་བར་དམ་འཛིན་བྱེད་པའི་དོ་དམ་སྒྲིག་སྲོལ་དོན་འཁྱོལ་ཡག་པོ་བྱ་དགོས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་ཅེས་པ་ནི་གོང་རིམ་གྱིས་ཇུས་འགོད་ཡག་པོ་བཟོས་ནས་སྲིད་ཇུས་དང་མ་དངུལ་སོགས་ཀྱི་ཐད་ས་གནས་ལ་ཆ་རྐྱེན་བསྐྲུན་ཏེ་དབུལ་ཐར་གྲུབ་འབྲས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་དགོས་པར་ཟེར་བ་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ་ཞེས་པ་ནི་གོང་མཐུད་འོག་འདྲེན་བྱས་ཏེ་ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་གལ་ཆེན་དེ་ལག་ལེན་འཆར་འགོད་དུ་བསྒྱུར་ནས་ལས་ཀ་དོན་ཐོག་འཁྱོལ་བར་བྱ་རྒྱུར་ཟེར་བ་རེད། གྲོང་ཁྱེར་དང་རྫོང་གིས་དོན་ཐོག་འཁྱོལ་བར་དམ་འཛིན་བྱེད་པ་ཅེས་པ་ནི་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་ཁག་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏང་བར་ཟེར་བ་རེད། ཞིབ་བཤེར་དཔྱད་དཔོག་ནང་སྲོལ་བཟོ་བཅོས་བྱ་དགོས་ཤིང་དབུལ་ཐར་འགག་སྒྲོལ་གྱི་གོང་འཕེལ་གནས་ཚུལ་ལ་གཞིགས་ནས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏང་དགོས།

   བཞི། གནད་ལ་སྨིན་བ་ཁོང་དུ་བརྟན་པོར་ཆུད་པར་བྱ་དགོས། ཡིག་ཚགས་དང་རྒྱུས་བྱང་མུ་མཐུད་དེ་འཐུས་ཚང་དུ་གཏོང་བ་དང་ཇུས་བསྟར་གནད་ལ་སྨིན་བ་ཟབ་སྤེལ་བྱེད་ཅིང་། ཐོན་ལས་དབུལ་སྐྱོར་དང་གནས་སྤོས་ནས་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། ཉེན་ཁང་བཟོ་བཅོས། སློབ་གསོས་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར་སོགས་ཀྱི་ལས་ཀ་གཙོ་བོ་ཧུར་ཐག་བསྒྲུབ་དགོས།

   ལྔ། མ་དངུལ་དོ་དམ་འཐུས་སྒོ་ཚང་དུ་གཏང་དགོས། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་མངོན་གསལ་དང་དབུལ་སྐྱོར་སྤྱོད་གཙང་བྱ་དགོས། མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་ཐད་མ་དངུལ་གཏོང་བ་དེ་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་དང་ཕན་ཚུན་འཚམ་མཐུན་ཡོང་བར་ཁག་ཐེག་བྱ་དགོས། མ་དངུལ་སྡེབ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་རང་དགར་འཇོག་པ་དང་ཡང་ན་གཏོར་བརླག་གཏོང་བ་སྔོན་འགོག་བྱ་དགོས། སྤྱི་བསྒྲགས་དང་ཁྱབ་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་དབུལ་སྐྱོར་མ་དངུལ་བགོ་བཤའ་མཇུག་འབྲས་ཚང་མ་ཡོངས་བསྒྲགས་བྱ་དགོས། ཤང་དང་གྲོང་སྡེ་རིམ་པའི་དབུལ་སྐྱོར་ལས་གཞི་བཀོད་སྒྲིག་དང་མ་དངུལ་བེད་སྤྱོད་བཏང་ཚུལ་ཚང་མ་སྤྱི་བསྒྲགས་དང་ཁྱབ་བསྒྲགས་བྱས་ནས་མང་ཚོགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། དབུལ་ཐར་ཁྱབ་ཁོངས་ནང་གི་རུལ་སུངས་གནད་དོན་གཅིག་བུད་ན་ཞིབ་བཤེར་ཆད་གཅོད་ནན་པོ་གཅིག་བྱེད་པ་ལས་ངན་ལང་དུ་གཏན་ནས་གཏང་རྒྱུ་མེད།

   དྲུག སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ཏང་ཀྲུང་དབྱང་གིས2018ལོ་ནི་དབུལ་ཐར་འགག་སྒྲོལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལོར་བྱ་རྒྱུ་གསལ་པོར་བཟོས་ཡོད། གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཐར་ཁྱབ་ཁོངས་ནང་གི་འདུ་ཤེས་བཞི་དྲག་པོ་མིན་པ་དང་། འགན་འཁྲི་དོན་ཐོག་འཁྱོལ་མི་ཐུབ་པ། ལས་ཀའི་བྱེད་ཐབས་གནད་ལ་མི་སྨིན་བ། མ་དངུལ་དོ་དམ་དང་བེད་སྤྱོད་བྱེད་སྟངས་ཚད་དང་མི་མཐུན་ཞིང་། ལས་ཀའི་སྤྱོད་ཚུལ་དོ་དན་མིན་པ། ཞིབ་བཤེར་དཔྱད་དཔོག་ནན་པོ་མིན་པ་སོགས་ཀྱི་མངོན་གསལ་གནད་དོན་ཐག་གཅོད་བྱ་དགོས། ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས་ལམ་ལུགས་ཀྱི་གཟེབ་མ་ཇེ་དམ་དུ་གཏང་དགོས།

   བདུན། ལས་བྱེད་པ་རེས་མོས་གསོ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱ་དགོས། དབུལ་ཐར་འགག་སྒྲོལ་ཡག་པོ་བྱ་དགོས་ན་འགག་རྩ་ནི་མི་ལ་ཐུག་ཡོད་ཅིང་། དེ་ཡང་མིའི་འདུ་ཤེས་དང་ནུས་པ། ཧུར་སེམས་བཅས་ལ་ཐུག་ཡོད། རིམ་ཁག་དབུལ་སྐྱོར་ལས་བྱེད་པའི་སློབ་སྦྱོང་དང་གསོ་སྦྱོང་ལས་ཀ་དམ་འཛིན་མངོན་གསལ་བྱ་དགོས། རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་མཚོན་ན་བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛིན་པར་སྣེ་ཁྲིད། དབུལ་ཐར་གནད་སྨིན་གྱི་བྱེད་ཐབས་ཁོང་དུ་ཆུད་པ། འགག་སྒྲོལ་གྱི་གནད་དོན་ཞིབ་འཇུག་དང་འགག་སྒྲོལ་གྱི་དཀའ་གནད་ཐག་གཅོད་བྱེད་པའི་ནུས་པ་གསོ་སྐྱོང་བྱ་རྒྱུ་བཅས་ནི་གཙོ་གནད་ཡིན་པ་རེད། གཞི་རིམ་གྱི་ལས་བྱེད་པར་མཚོན་ན། དངོས་ཡོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་། དབུལ་སྐྱོར་གྱི་གནས་ཚུལ་ཧ་གོ་བ་དང་དབུལ་སྐྱོར་བྱེད་ཤེས་པ། སྤྱོད་ཚུལ་ཡག་པོ་ཡིན་པའི་དབུལ་སྐྱོར་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་རྒྱུ་ནི་གཙོ་གནད་ཡིན་པ་རེད། ཤེས་ལྡན་མི་སྣ་སྣ་ཚོགས་ནང་འགུགས་བྱས་ཏེ་དབུལ་ཐར་འགག་སྒྲོལ་དང་ཞིང་སྡེའི་འཕེལ་རྒྱས་ཁྲོད་དུ་ཞུགས་སུ་འཇུག་དགོས། གཞི་རིམ་གྱི་ལས་ཡུལ་དང་པོའི་དབུལ་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱ་དགོས་ཤིང་། ཁོ་ཚོར་དབུལ་ཐར་འགག་སྒྲོལ་ཐུབ་པའི་ཆེད་ལས་ཀ་ཧུར་ཐག་སྒྲུབ་པའི་སྐུལ་ལྕག་བྱ་དགོས།

   བརྒྱད། ནང་གནས་ཀྱི་སྒུལ་ཤུགས་སློང་བར་དོ་ཁུར་བྱ་དགོས། དབུལ་ཕོངས་མང་ཚོགས་ནི་དབུལ་ཐར་འགག་སྒྲོལ་བྱ་ཡུལ་ཡིན་ལ་དབུལ་ཐར་ཕྱུག་འགྱུར་གྱི་གཙོ་གཞི་ཡང་ཡིན་པ་རེད། དབུལ་སྐྱོར་དང་མཉམ་དུ་བསམ་པའི་རོགས་སྐྱོར་དང་བློ་རིག་གི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཕོངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་མ་བསྐུལ་དང་བླངས་ཀྱི་རང་བཞིན་ཀུན་ནས་སློང་བ་དང་ཁོ་ཚོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ལས་དབང་བསྒྱུར་བར་སྐུལ་ལྕག་དང་སྣེ་ཁྲིད་བྱ་དགོས། དབུལ་སྐྱོར་བྱེད་ཐབས་བཅོས་བསྒྱུར་གཏོང་ཞིང་ངལ་རྩོལ་མང་ན་ཐོབ་ཆ་མང་བའི་ལུགས་སྲོལ་དར་སྤེལ་བྱེད་པ། ལས་ལ་བརྩོན་ཞིང་ཕྱུག་འགྱུར་ཡོང་བ་དང་གཟི་བརྗིད་ངང་དབུལ་ཐར་ཡོང་བའི་ཁོར་ཡུག་ཅིག་བསྐྲུན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཐོབ་པར་བྱས་ཏེ་ཀྲུང་ཧྭ་མི་རིགས་ལ་ལོ་ངོ་བརྒྱ་སྟོང་ནས་བརྒྱུད་དེ་གནས་པའི་དབུལ་ཕོངས་དབུལ་རྐྱང་གི་གནད་དོན་དེ་ང་ཚོའི་མི་རབས་འདིའི་ལག་ནང་དུ་ལོ་རྒྱུས་རང་བཞིན་གྱིས་ཐག་གཅོད་བྱ་རྒྱུ་རེད། འདི་ནི་ང་ཚོའི་ཚེ་གཅིག་གི་བསོད་བདེ་ཆེན་པོ་ཡིན་པ་རེད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཧྲིལ་པོར་དོན་སྙིང་གལ་ཆེན་ཡོད་པའི་རླབས་ཆེན་གྱི་བྱ་གཞག་འདི་འགྲུབ་པར་བྱ་དགོས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མི་བརྒྱ་སེམས་གཅིག་དང་འབད་འཐབ་ལྷོད་མེད་བཅས་བྱས་པ་ཡིན་ན་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་འཐོབ་ངེས་པ་རེད།

  (གཉིས། )སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་གྱི་ལས་དོན་སྙན་སེང་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁོང་དུ་ཡང་དག་པར་ཆུད་པར་བྱ་དགོས།

   ཟླ་བ2པའི་ཚེས13ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་སེང་ལ་གསན་འཇོག་གནང་བ་དང་། སི་ཁྲོན་གྱི་ལས་ཀ་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། སི་ཁྲོན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བཏང་སྟེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏང་དགོས་པའི་ཐུགས་རེ་གནང་བ་རེད།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅིང་མི་དུང་ཕྱུར13ཁུར་ཡོད་པའི་ཀྲུང་གོའི་གྲུ་ཆེན་མདུན་དུ་སྐྱོད་པར་གྲུ་ལམ་གསལ་རྟགས་བཞེངས་ཡོད་པ་རེད། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནང་བྱན་ཆུད་པར་བྱ་དགོས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ཁག་གི་སྤྱི་ཡོངས་རང་བཞིན་དང་། འབྲེལ་བའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་དེ་བས་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་ང་ཚོས་འཐབ་འཛིང་རླབས་པོ་ཆེ་བྱེད་ཅིང་། ལས་གྲྭ་རླབས་པོ་ཆེ་སྐྲུན་པ། བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བ། ཕུགས་འདུན་རླབས་པོ་ཆེ་འགྲུབ་པ་བཅས་ཀྱི་ལག་ལེན་ཁོང་དུ་ཆུད་པ་དང་འབྲེལ་མཐུད་བྱ་དགོས། རྟོག་ཞིབ་མང་པོ་བྱས་ནས་དངོས་ཡོད་གནས་ཚུལ་ཤེས་པ་དང་། དམིགས་སོར་གཏད་ནས་དམ་འཛིན་བྱེད་ཅིང་། དམ་འཛིན་མཐར་ཕྱིན་པར་བྱ་དགོས། དོན་དངོས་སྒྲུབ་པར་བརྩི་མཐོང་དར་སྤེལ་དང་སྟོང་གཏམ་མི་བཤད་པ། ཤུགས་གནད་ལ་སྨིན་བ་བརྒྱག་པ་བཅས་བྱས་ཏེ་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་འགན་ཁག་དོན་ཐོག་འཁྱོལ་ཞིང་མང་ཚོགས་ལ་ཁེ་ཕན་བསྐྲུན་པའི་ལས་ཀ་ཁག་དོན་ལ་གནས་པར་བྱ་དགོས།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་མྱུར་བའི་ཐོག་ནས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བའི་ཕྱོགས་སུ་བསྒྱུར་ཟིན་ཞིང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་ཡིན། དངོས་གཉེར་དཔལ་འབྱོར་གྱི་རྨང་གཞི་བརྟན་པོར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་ཅིང་། གསར་སྐྲུན་ལ་བརྟེན་ནས་དཔལ་འབྱོར་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་སྡེའི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཞིང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གི་བར་སྟོང་བཀོད་པ་ལེགས་འགྱུར་གཏང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཡག་པོ་བྱས་ཏེ་གནམ་དེ་བས་དྭངས་པ་དང་ས་དེ་བས་སྔོ་བ། ཆུ་དེ་བས་གཙང་བར་བྱ་དགོས། གྲོང་རྡལ་མཛེས་པོ་དང་གྲོང་ཡུལ་མཛེས་པོའི་འོད་མདངས་ཕན་ཚུན་འཕྲོ་བ་དང་རི་ཀླུང་མཛེས་སྡུག་དང་མིའི་སྡོད་གནས་ཡག་པོ་ཕན་ཚུན་གཅིག་འདྲེས་དམ་པོར་ཡོང་བར་བྱ་དགོས། བཅོས་བསྒྱུར་གྱི་སྒུལ་ཤུགས་ཇེ་ཆེར་བཏང་ནས་ཐོན་ལས་ཆགས་ཚུལ་བཟང་བ་དང་གསར་གཏོད་གསོན་ཤུགས་རྒྱས་པ། ས་ཁོངས་བཀོད་པ་མཐུན་སྦྱོར་ཡིན་པ། གྲོང་ཁྱེར་དང་གྲོང་སྡེའི་འཕེལ་རྒྱས་མཉམ་འདྲེས་ཡོང་བ། སྐྱེ་ཁམས་ཁོར་ཡུག་བཟང་བ། མི་དམངས་ཀྱི་འཚོ་བ་སྐྱིད་པོ་ཡིན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་གསར་པ་ཆགས་པར་བྱ་དགོས།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཅངས་ཏེ། ནམ་ཡང་མི་དམངས་ལ་སེམས་ཁྲལ་བ་དང་མི་དམངས་ལ་དགའ་ཞིང་གཅེས་པ། མི་དམངས་ལ་ཕན་པ་བཅས་ཀྱི་སེམས་པ་ཡོད་དགོས། དམིགས་སོ་དེ་བས་ཆེ་ཞིང་ཁེབས་རྒྱ་དེ་བས་ཆེ་བ་དང་། ནུས་པ་ཐད་ཀར་ཐོན་ཐུབ་པ། ཕན་འབྲས་མངོན་གསལ་བཅས་ཡིན་པའི་བྱེད་ཐབས་སྤྱད་དེ་མི་སེར་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སློབ་གསོ་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཡིན་སྣང་བཅས་སྔར་བས་ཕུན་སུམ་ཚོགས་ཤིང་སྔར་བས་འགན་སྲུང་ཡོད་པ་དང་། སྔར་བས་རྒྱུན་སྲིང་ཡིན་པ་བྱ་དགོས། འཕེལ་རྒྱས་དང་བརྟན་བརླིང་ཕྱོགས་གཉིས་མཉམ་འཛིན་དང་ནན་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟབ་སྤེལ་བྱས་ཏེ་མི་རིགས་ཁག་གིས་ཐུན་མོང་ངང་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་ངང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏང་དགོས། ཏང་ཀྲུང་དབྱང་གི་རྒྱལ་ཡོངས་སུ་ནག་ཚོགས་བརླག་བཅོམ་བྱེད་པའི་ཆེད་དོན་འཐབ་རྩོད་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་དང་དོན་འཁྱོལ་ནན་ཏིག་བྱས་ཏེ་སྤྱི་ཚོགས་བརྟན་བརླིང་ཡོང་བའི་ལས་ཀ་སྔར་བས་ཞིབ་ཚགས་པ་དང་དོ་དན་ཡིན་པ། སྔར་བས་དམ་ནན་ཡིན་པ་བསྒྲུབ་དགོས།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་མངོན་གསལ་གྱི་གོ་གནས་སུ་བཞག་ཅིང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་གཞི་རྩའི་འཛུགས་སྐྱོང་ཡིན་པ་ནན་པོར་བསྟན་པ་དེར་མནོ་བསམ་ཕུགས་རིང་པོ་བཏང་ཡོད་ལ། རིགས་གཞུང་དང་ལག་ལེན་གྱི་གཞི་འཛིན་ས་གང་ལེགས་ཡོད་པ་རེད། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་ཅིང་འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་སྟེ་ཏང་ཀྲུང་དབྱང་གི་བཀའ་ལ་མཐའ་གཅིག་ཏུ་དང་ལེན་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བར་མཐའ་གཅིག་ཏུ་དེ་ལྟར་སྒྲུབ་པ། ཏང་ཀྲུང་དབྱང་གིས་བཀག་འགོག་གནང་བར་མཐའ་གཅིག་ཏུ་གཏན་འགོག་བྱེད་པ་བཅས་བྱ་ཐུབ་དགོས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པས་རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོར་བཅང་བར་སློབ་གསོ་དང་སྐུལ་ཁྲིད་བྱེད་ཅིང་། སྣེ་ཁྲིད་དེ་རྩ་ཁྲིམས་ལ་བརྩི་མཐོང་དར་སྤེལ་དང་རྩ་ཁྲིམས་སྦྱོང་བ། རྩ་ཁྲིམས་སྲུང་བ། རྩ་ཁྲིམས་ལ་སྲུང་སྐྱོང་བྱེད་པ། རྩ་ཁྲིམས་བེད་སྤྱོད་གཏོང་བ་བཅས་བྱ་དགོས། གནས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ལག་བསྟར་ནན་པོར་གཏང་བ་དང་། ཁྱོན་ཡོངས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཤུགས་སྣོན་དང་ཚད་ལྡན་བྱེད་ཅིང་། ཕན་ནུས་ཆེ་ཞིང་སྐྱོན་དང་བྲལ་བའི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་གསོ་འཁྱོངས་བྱས་ཏེ་སྲོལ་གཙང་ལུགས་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། །


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དཔལ་འབྱོར་སྤུས་ཚད་མཐོན་པོ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་བརྗོད་པ།
  • ལེ་ཚན་རྗེས་མ།:མི་རིགས་བསྐྱར་དར་ཆེད་དུ་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།
  • དོ་སྣང་ཆེ་བའི་རྩོམ།