སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་བཅད་པ་བརྒྱུད་ག

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2018-03-12

     སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་སྤྱི་ཚེས་༡༡ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་བཅད་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་བ་གསན་ཡོད་པ་རེད།

     ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲེན་ཧྲུའུ། ཝང་ཡང་། ཝང་ཧུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

     གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་༢༩༨༠ཡོད་པ་དང་། དངོས་སུ་ཞུགས་མཁན་འཐུས་མི་༢༩༦༤ཡོད་པ། ཞུགས་མི་ཐུབ་པའི་འཐུས་མི་༡༦ཡོད་ཅིང་། ཚོགས་ཞུགས་འཐུས་མིའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

     ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།

     ཚོགས་ཞུགས་འཐུས་མིས་བརྡས་ཐག་བཅད་པ་བརྒྱུད། ཐོག་མར་འཐུས་མི་༣༥ལས་གྲུབ་པའི་འཕེན་ཤོག་གི་སྤྱི་ཁྱབ་ལྟ་སྐུལ་པ་དང་ལྟ་སྐུལ་པའི་མིང་ཐོར་གྲོས་འཆམ་བྱུང་ཡོད། 
     ཝང་ཧྲའོ་ཧྥོང་དང་ཡང་གཡན་གཉིས་འཕེན་ཤོག་གི་སྤྱི་ཁྱབ་ལྟ་སྐུལ་པར་བདམས་ཡོད་པ་རེད།

     སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞིར་བརྡས་ཐག་གཅོད་ཐབས་སྐོར་གྱི་གཏན་འབེབས་ལ་གཞིགས་ན། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་གཅོད་སྐབས་མིང་མི་འགོད་པའི་བྱ་ཐབས་སྤྱད་པ་དང་། འཐུས་མི་ཡོངས་ཀྱི་གསུམ་ཆ་གཉིས་ཀྱི་མོས་མཐུན་འཕེན་ཤོག་ཐོབ་ན་གྲོས་འཆམ་ཐུབ་ཀྱི་ཡོད། དུས་ཡུན་སྐར་མ་བཞི་བཅུའི་རིང་གི་འཕེན་ཤོག་སྤྲོད་པ་དང་། འཕེན་ཤོག་འབྲི་བ། འཕེན་ཤོག་འཕེན་པ། འཕེན་ཤོག་མཇུག་རྩིས་རྒྱག་པ་བཅས་བྱས་པ་བརྒྱུད། ཆུ་ཚོད་༡༥དང་སྐར་མ་༥༡ཐོག་ལས་དོན་མི་སྣས་འཕེན་ཤོག་གི་མཇུག་རྩིས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་སྟེ། མོས་མཐུན་ཡོད་པའི་འཕེན་ཤོག་༢༩༥༨དང་། ངོ་རྒོལ་གྱི་འཕེན་ཤོག ༢ དབང་ཆ་དོར་བའི་འཕེན་ཤོག་༣བཅས་ཡིན་པ་རེད།

     ཝང་ཁྲེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བའི་ཁྱབ་བསྒྲགས་གནང་བའི་སྐབས་དེར་ཚོགས་རར་རེ་ཞིག་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད།

     སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་སྤྱི་ཚེས་༡༡ཉིན་སྤྱི་བསྒྲགས་སྤེལ་ཏེ། རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

     སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངག་ལྟར། ཀྲང་ཏེ་ཅང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་ཡོད། ཁོང་གིས། འདས་ཟིན་པའི་ལོ་ལྔ་ནི་རང་རེའི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཤུགས་ཆེའི་དབུ་ཁྲིད་འོག་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ། ཏང་གིས་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་གྲགས་དང་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་སྤྲད་པའི་འགན་ཁྲི་ལག་བསྟར་ནན་ཏན་བྱས་པ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་གསར་གཏོད་བྱས་པ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་གཞུང་དང་ལག་ལེན་གསར་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གལ་ཆེན་འཕེལ་རིམ་ཐོན་ཡོད་ཅེས་གསུངས་པ་དང་།

     ཀྲང་ཏེ་ཅང་གིས་ཕྱོགས་བདུན་གྱི་ཐོག་ནས་འདས་ཟིན་པའི་ལོ་ལྔའི་ལས་དོན་གཙོ་བོར་ཕྱིར་དྲན་གནང་ཡོད་པ་སྟེ། དེ་ཡང་གཅིག་ནི། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་རྩ་ཁྲིམས་ཀྱིས་སྲོག་ཤིང་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ། གཉིས་ནི། ཁྲིམས་འཛུགས་ཀྱི་ཁྲིད་སྟོན་དང་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒྱུར་བཅོས་གལ་ཆེན་ཁག་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་ལག་བསྟར་བདེ་བླགས་ཐུབ་རྒྱུར་འགན་ལེན་བྱས་པ། གསུམ་ནི། ལྟ་སྐུལ་ལས་དོན་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་རྩ་ཁྲིམས་དང་ཁྲིམས་ལུགས་ལག་བསྟར་དང་སྲིད་གཞུང་གཅིག་དང་ཁང་གཉིས་ཀྱི་ལས་དོན་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། བཞི་ནི། འཐུས་མིའི་ལས་དོན་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། ལྔ་ནི། མི་དམངས་འཐུས་ཚོགས་ལམ་ལུགས་འཐུས་ཚང་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་སྐྱོང་དང་ཏང་གིས་ཡུན་རིང་སྲིད་འཛིན་བྱེད་པའི་རྨང་གཞི་བརྟན་དུ་བཏང་བ། དྲུག་ནི། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཞབས་ཞུ་བསྒྲུབས་པ། བདུན་ནི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་འགན་ཁྲི་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་བཅས་ཡིན་པ་རེད།

     ཀྲང་ཏེ་ཅང་གིས། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྟོབས་ཆེའི་འགོ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་མི་སྣ་བཅས་ཀྱིས་ལས་དོན་ཏན་ཏིག་སྒྲུབ་པའི་མཇུག་འབྲས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་བཅས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་པའི་མཇུག་འབྲས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་མཇུག་འབྲས་ཡིན་ཞེས་གསུངས་པ་དང་།

     ཀྲང་ཏེ་ཅང་གིས་ཕྱོགས་ལྔའི་ཐོག་ནས་ལོ་ལྔའི་ལས་དོན་གྱི་མྱོང་ཚོར་གཙོ་བོར་ཕྱོགས་སྡོམ་གནང་ཡོད། དེའང་གཅིག་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ངོ་བོའི་བླང་བྱ་དང་བཟང་ཆ་ཆེ་ཤོས་དེ་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནི། ཏང་གི་མཛུབ་ཁྲིད་བསམ་བློ་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་བྱ་སྤྱོད་ཕྱོགས་སྟོན་ཡིན་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ། གསུམ་ནི། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་ཀྲུང་གོའི་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་གལ་ཆེའི་ཐབས་ལམ་དང་མངོན་འགྱུར་རྣམ་པ་མཐོ་ཤོས་དེ་ཡིན་པས། ངེས་པར་དུ་མི་དམངས་རང་ཁྱིམ་རང་བདག་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཁྲོད་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ། བཞི་ནི། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་འགན་ལེན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། ལྔ་ནི། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བྱེད་པ་དང་། དུས་བསྟུན་མདུན་སྐྱོད་ངང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཡིན་པ་རེད།

     ཀྲང་ཏེ་ཅང་གིས། སྤྱི་ལོ་༢༠༡༨ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ལོ་དང་པོ་དེ་ཡིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐོག་སྤྱི་ལོ་༢༠༡༨ལོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་གཙོ་གནད་དང་ཁྲིམས་འཛུགས། ལྟ་སྐུལ་བཅས་ཀྱི་ལས་དོན་འཆར་འགོད་ལ་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། སླད་ཕྱིན་ལོ་གཅིག་གི་ལས་དོན་ཐད་ཐོག་མའི་བཀོད་སྒྲིག་བྱས་ཡོད། དེའང་གཅིག་ནི། མུ་མཐུད་ནས་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གཉིས་ནས། མུ་མཐུད་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ། གསུམ་ནས། མུ་མཐུད་འཐུས་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་ཞེས་བསྟན་ཡོད་པ་དང་།

     ཀྲང་ཏེ་ཅང་གིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཤུགས་ཆེའི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག རྒྱལ་ཡོངས་མི་རིགས་ཁག་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག སྐབས་གསར་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་དང་མངགས་བཅོལ་ཆུད་ཟོད་དུ་མི་གཏོང་བར། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་ལེའུ་གསར་པ་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

     ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཅ་དབྱི་དང་། ལིའུ་ཚེ་ཀུའེ། ཀྲང་ཆིང་ཝེ། ཧུའུ་ཧེ་ཕིང་། ཏོན་ཁྲུན་ཧྭ། ཧེ་དབྱི་ཁྲེང་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་ཐོག་ཞུགས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་དཔལ་འབྱོར་སྤུས་ཚད་མཐོན་པོ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་བརྗོད་པ།
  • དོ་སྣང་ཆེ་བའི་རྩོམ།