ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2018-03-01
སྤྱི་ལོ་༢༠༡༨ལོའི་ཟླ་༢པའི་ཚེས་༢༨ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ལོ་༢༠༡༨ལོའི་ཟླ་༢པའི་ཚེས་༢༦ཉིན་ནས་ཚེས་༢༨ཉིན་བར་པེ་ཅིང་དུ་འཚོགས་ཡོད་པ་རེད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྱི་གྲས་སུ། ཀྲུང་དབྱང་ཨུ་ཡོན་༢༠༢དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་༡༧༡ཡོད་པ་རེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་འབྲེལ་ཡོད་ཐད་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ནས་གཙོ་སྐྱོང་གནང་ཡོད་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་གསན་པ་དང་གྲོས་བསྡུར་གནང་ཡོད་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ནས་ཏང་ཕྱི་ནང་གི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་པ་དང་། ནང་མོལ་མཉམ་གྲོས་ཡང་ཡང་བྱས་པའི་རྨང་གཞིའི་ཐོག་བཏོན་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་ཞུ་རྒྱུའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་འོས་མིའི་གྲོས་འགོའི་མིང་ཐོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་ཞུ་རྒྱུའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མིའི་གྲོས་འགོའི་མིང་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གྲོས་འགོའི་མིང་ཐོ་དེ་གཉིས་ཁག་སོ་སོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པར་འོས་སྦྱོར་ཞུ་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་༼ཀྲུང་གུང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་༽དང་༼ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞིར་༽གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ༼ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞིའི་༽ནང་དོན་ཁག་ཅིག་ཁྲིམས་ལུགས་ཀྱི་གཏན་འཁེལ་བྱས་པའི་གོ་རིམ་ལྟར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་གདེང་འཇོག་ཆེན་པོ་བྱས་ཡོད་པ་དང་། རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་། དཀའ་ཚེགས་ཆེ་ལ་འགན་བབ་ལྕི་བའི་རྒྱལ་ནང་གི་བསྒྱུར་བཅོས་དང་གོང་འཕེལ་བརྟན་ལྷིང་བཅས་ཀྱི་ལས་འགན་གྱི་མདུན་དུ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། ལས་འགན་སེམས་ལ་བརྟན་པོར་ངེས་ནས། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱབ་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས། གསར་གཏོད་བྱེད་ཕོད་པ། ཏན་ཏིག་གིས་ལས་ཀ་བྱེད་པ་བཅས་བྱས་ནས། སྣ་ལྔ་གཞི་གཅིག་གི་ཁྱོན་ཡོངས་བཀོད་སྒྲིག་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས། དད་སེམས་བརྟན་དུ་བཏང་བ་དང་། སེམས་ནུས་གཅིག་ཏུ་སྒྲིལ་བ། དུས་ཚོད་སྐར་ཆ་བརྩོན་ལེན། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཡོད། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱབ་ནས། དཔལ་འབྱོར་བརྟན་ལྷིང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཤུགས་སྣོན་རྒྱབ་ནས། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། ནུས་ཤུགས་ཡོད་རྒུས་ཉེན་ཁ་ཆེན་པོ་སྔོན་འགོག་འདུམ་འགྲིག་བྱེད་རྒྱུ་དང་། གནད་འཕིགས་དབུལ་སྐྱོར། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུར་ཤུགས་སྣོན་རྒྱབ་ནས། ལས་ཀའི་སྤྱོད་ཚུལ་ལ་འགྱུར་བ་ཏན་ཏིག་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། ཏང་གི་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། འབྱོར་འབྲིང་སྤྱི་ཚོགས་ ཁྱོན་ཡོངས་ནས་སྐྲུན་ཟིན་པ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གོམ་སྟབས་གསར་པ་སྤོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུར་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་ཡག་པོ་བྱེད་རྒྱུ་དེས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་འབད་འཐབ་བྱ་རྒྱུའི་སྐུལ་སློང་བྱེད་པར་དོན་སྙིང་ཆེན་པོ་ལྡན་པའི་ངོས་འཛིན་བྱས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་གལ་ཆེའི་འགན་ལེན་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། རང་རེའི་ཏང་གི་འགོ་ཁྲིད་འོག་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་པ་དང་། རིམ་པ་བཞིན་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་བཙུགས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དང་བསྒྱུར་བཅོས་སྒོ་འབྱེད་ཀྱི་བརྒྱུད་རིམ་ཁྲོད། རང་རེའི་ཏང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བས། ཕྱོགས་གང་ཅིའི་ཐད་ཀྱི་འགན་ནུས་ཟམ་མི་ཆད་པར་ལེགས་གྱུར་བྱུང་བ་དང་། རིམ་པས་ཚད་ལྡན་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ལ་དམ་པོར་གཞིགས་ནས། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱབ་པ། གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས། གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཡོད། དེ་ཡང་གཙོ་གནད་ཁྱབ་ཁོངས་འགའ་ཤས་དང་གཙོ་གནད་ལྷུ་ཚིགས་འགའ་ཤས་ནང་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་བ་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱུང་ཡོད་ཅེས་བསྟན་ཡོད་པ་དང་།
ཚང་འཛོམས་གྲོས་ཚོགས་ཐོག་དུས་རབས་གསར་པ་དང་ལས་འགན་གསར་པས་བཏོན་པའི་བླང་བྱ་གསར་པའི་མདུན་དུ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྲིག་བཀོད་དང་འགན་ནུས་བགོ་སྒྲིག་དེ་སྣ་ལྔ་གཞི་གཅིག་གི་སྤྱི་ཡོངས་བཀོད་སྒྲིག་ལ་གཅིག་འགྱུར་ངང་སྐུལ་འདེད་གཏོང་རྒྱུ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་སྒྲིག་བཀོད་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུའི་བླང་བྱ་དང་ད་དུང་དེ་ཙམ་འཚམས་མཐུན་མེད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་བླང་བྱ་དང་ད་དུང་དེ་ཙམ་འཚམས་མཐུན་མེད་པ་རེད། ཏང་ཡོངས་ཀྱིས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་། དད་སེམས་བརྟན་དུ་གཏོང་བ། གོ་སྐབས་དམ་འཛིན་བྱས་ནས། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཁྲོད། སེམས་ཐག་གཙང་བཅད་ཀྱིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ནང་གནས་པའི་འགོག་རྐྱེན་དང་ཞན་ཆ་ཐག་གཅོད་བྱེད་དགོས་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་སྔར་ལས་ལྷག་པ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་མཛུབ་ཁྲིད་བསམ་བློ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། མ་ཁེ་སི་ལི་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་དགོས་མཁོ་དང་འཚམས་པ་བྱེད་པ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས། ཡང་དག་པའི་བསྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས། ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་རྒྱུས་གཅིག་གྱུར་སྣེ་ཁྲིད་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བ་བྱ་རྒྱུས་ཕྱོགས་སྟོན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་འགན་ནུས་ལེགས་བསྒྱུར་དང་། རོགས་ལས། ལས་ཆོད་མཐོ་པོ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་སྣོན་རྒྱག་གཞིར་འཛིན་པ། ལས་ཁུངས་བཀོད་སྒྲིག་ཐད་བསྒྱུར་བཅོས་བྱེད་པ། འགན་ནུས་བགོ་སྒྲིག་ལེགས་སུ་གཏོང་བ། འགན་ནུས་བརྗེ་བསྒྱུར་དང་། བྱེད་སྟངས་བརྗེ་བསྒྱུར། སྤྱོད་ཚུལ་ལེགས་བཅོས་བཅས་གཏིང་ཟབ་ཏུ་གཏོང་བ། ཕན་འབྲས་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་རྒྱུ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་བསྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་འགོ་རྩོམ་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་གྱུར་ཡོང་བ་བྱེད་པའི་ཀྲུང་གོའི་ཕུགས་འདུན་སྒྲུབ་རྒྱུ་བཅས་ཀྱི་ཆེད་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་བྱ་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར། ངེས་པར་དུ་ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། རོགས་ལས་དང་ཕན་འབྲས་ཆེར་གཏོང་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་སྟོན་གནང་འདུག
ཚང་འཛོམས་གྲོས་ཚོགས་ཐོག ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཀྱི་དམིགས་འབེན་ནི། མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ། ལས་ཆོད་ཆེ་བ་བཅས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་འགན་ནུས་མ་ལག་ཅིག་བསྐྲུན་ནས། གནས་བབ་ཧྲིལ་པོར་ཁྱོན་ཡོངས་ནས་བལྟ་བ་དང་། ཕྱོགས་ཁག་བར་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་མ་ལག་དང་། འགན་འཁྲི་ཁ་གསལ་ལ། ཁྲིམས་ལྟར་སྲིད་འཛིན་བྱེད་པའི་སྲིད་གཞུང་བཅོས་སྐྱོང་མ་ལག ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་ཐོག་གི་རྩེ་གྲར་སླེབས་པའི་དྲག་ཆས་སྟོབས་ཤུགས་མ་ལག འབྲེལ་བ་རྒྱ་ཆེ་ལ། མང་ཚོགས་ལ་ཞབས་ཞུ་བྱེད་པའི་ཚོགས་པའི་རྩ་འཛུགས་ལས་དོན་མ་ལག མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་སོགས་ཀྱིས་ཏང་གི་འགོ་ཁྲིད་འོག་མཐུན་སྦྱོར་ངང་བྱ་སྤྱོད་སྤེལ་བ་དང་། མཉམ་ཤུགས་གྲུབ་པ་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་གྱུར་ཡོང་བ་བྱ་རྒྱུར་གཞིགས་ནས། མངོན་གསལ་དོད་པའི་འགལ་བར་དམིགས་ཏེ། གཙོ་གནད་དམ་འཛིན་དང་། མི་འདང་བའི་ཆ་ཁ་གསབ། ཞན་ཆ་སྟོབས་ཆེར་གཏོང་བ། ཉེན་ཁ་སྔོན་འགོག་བཅས་ལ་དམ་འཛིན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་གནས་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་རྒྱུར་རྒྱལ་ཁབ་ཕུ་ཐག་ཆོད་པ་ལེན་རྒྱུར་འགན་སྲུང་བྱེད་དགོས་པ་མ་ཟད། ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པ་མངོན་གྱུར་ཡོང་བ་བྱ་རྒྱུར་དམིགས་ནས། ཕུགས་དང་འབྲེལ་བ་ཡོད་པའི་ལམ་ལུགས་དང་སྒྲིག་གཞིའི་གནད་དོན་ཐག་གཅོད་བྱས་ནས། རྨང་གཞི་འདིང་རྒྱུ་དང་། ཀ་རྟེན་འཛུགས་རྒྱུ། སྒྲོམ་གཞི་བཟོ་རྒྱུ་བཅས་ལ་དོ་སྣང་བྱས་ཏེ། དེ་བས་འཐུས་ཆ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་གྲུབ་རྒྱུར་མཐུན་རྐྱེན་བསྐྲུན་དགོས་ཞེས་བཏོན་འདུག
ཚང་འཛོམས་གྲོས་ཚོགས་ཐོག ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཀྱི་ལས་འགན་ཨང་དང་པོ་ནི། ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཏང་གིས་ཁྱབ་ཁོངས་ཁག་དང་ཆ་ཕྱོགས་ཁག་གི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་གྱིས། ཏང་གི་འགོ་ཁྲིད་ཁྱོན་ཡོངས་ལ་ཁྱབ་པ་དང་། ཏང་གི་འགི་ཁྲིད་དེ་བས་སྲ་བརྟན་ནུས་ལྡན་ཡོང་རྒྱུར་འགན་སྲུང་བྱ་རྒྱུ། ཏང་གི་ལས་དོན་གལ་ཆེ་རིགས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རིམ་པ་གཅིག་མཚུངས་ཀྱི་རྩ་འཛུགས་ཁྲོད་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་གོ་གནས་ཤུགས་ཆེར་གཏོང་རྒྱུ། ཏང་གི་འགན་ནུས་སྡེ་ཁག་གི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱ་རྒྱུ། ཏང་སྲིད་ལས་ཁུངས་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་ཞེས་བཏོན་འདུག
ཚང་འཛོམས་གྲོས་ཚོགས་ཐོག སྲིད་གཞུང་གི་འགན་ནུས་བརྗེ་བསྒྱུར་བྱེད་པ་དང་། སྲིད་གཞུང་གི་ལས་ཁུངས་བཀོད་སྒྲིག་དང་འགན་ནུས་བགོ་སྒྲིག་ལེགས་སུ་གཏོང་རྒྱུ་ནི། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན། ཁྲོམ་རས་ཐོན་ཁུངས་བགོ་འགྲེམས་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་རྒྱུར་འགོག་རྐྱེན་བཟོ་བ་དང་། སྲིད་གཞུང་གི་ནུས་པ་དེ་བས་ལེགས་པ་ཐོན་རྒྱུར་ཚོད་འཛིན་བྱེད་པའི་ལམ་ལུགས་སྒྲིག་གཞིའི་སྐྱོན་ཆ་མཐའ་གཅིག་ཏུ་སེལ་དགོས་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བ་བྱ་རྒྱུར་གཞིགས་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པ་དང་། སྲིད་གཞུང་ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་ལེགས་བསྒྱུར་བྱེད་པ། སྤྱི་ཁོག་དོ་དམ་སྡེ་ཁག་གི་འགན་ནུས་ལུགས་མཐུན་གྱིས་བགོ་སྒྲིག་བྱེད་པ། སྲིད་འཛིན་མཁོ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་དོ་དམ་སྒྲིག་གཞིར་བསྒྱུར་བཅོས་བྱེད་པ། སྤྱི་པའི་ཞབས་ཞུའི་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། དོན་དག་སྒྲུབ་སྐབས་དང་སྒྲུབ་ཚར་རྗེས་ཀྱི་ལྟ་སྐུལ་དོ་དམ་ཤུགས་ཆེར་གཏོང་བ། སྲིད་འཛིན་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ནས། སྲིད་གཞུང་གི་འགན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། མི་དམངས་ནས་བློ་ཡིད་ཚིམ་པོ་བྱེད་པའི་ཞབས་ཞུའི་རྣམ་པ་ཅན་གྱི་སྲིད་གཞུང་འཛུགས་དགོས་ཞེས་གསུངས་འདུག
ཚང་འཛོམས་གྲོས་ཚོགས་ཐོག ཏང་སྲིད་དམག་དམངས་ལས་ཁུངས་བསྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་ནི། ཏང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཁུངས་ཀྱི་འགན་ནུས་ལེགས་བསྒྱུར་དང་། རོགས་ལས། ལས་ཆོད་མཐོ་པོ་བཅས་མངོན་གྱུར་ཐུབ་པ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། འབྲེལ་ཡོད་ལས་ཁུངས་བཀོད་སྒྲིག་དང་འགན་ནུས་འདྲ་པོ་བགོ་སྒྲིག་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཏང་གི་ཚན་པ་དང་། རྒྱལ་ཁབ་ལས་ཁུངས། ཚོགས་པའི་རྩ་འཛུགས། བྱ་གཞག་ཚན་པ་བཅས་ཀྱི་འགན་འཁྲི་ཁ་གསལ་དང་ལེགས་སུ་གཏོང་བ། ཏང་སྲིད་ལས་ཁུངས་ཀྱི་བཀོད་སྒྲིག་བྱེད་ཚུལ་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་འཐུས་ཚོགས་དང་སྲིད་གྲོས། ཁྲིམས་འཛིན་ལས་ཁུངས་བཅས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཚོགས་པའི་རྩ་འཛུགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་སྒྲིག་འཛུགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། བྱ་གཞག་ཚན་པའི་བསྒྱུར་བཅོས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། དམག་དཔུང་དང་ས་གནས་བརྒལ་བའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཏང་གི་འགོ་ཁྲིད་ནུས་པ་ཆེ་རུ་གཏོང་བ། སྲིད་གཞུང་གི་སྲིད་འཛིན་ནུས་པ་ཆེ་རུ་གཏོང་བ། ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་སྒྲིག་འཛུགས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པ། མི་དམངས་དམག་དཔུང་གི་འཐབ་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། རིགས་ཁག་གི་ལས་ཁུངས་བར་འབྲེལ་མཐུད་ཡག་པོ་དང་ཕན་ཚུན་མཐུན་སྦྱོར་ཡོད་པ་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ང་ཚོ་ལྟ་བུའི་རྒྱལ་ཁབ་ཆེན་པོ་འདི་བཅོས་སྐྱོང་ཡག་པོ་བྱེད་པར། ཀྲུང་དབྱང་དང་ས་གནས་ཀྱི་འགན་འཁྲིའི་འབྲེལ་བ་ཁ་གསལ་བཟོ་དགོས་པ་དང་། ཀྲུང་དབྱང་དང་ས་གནས་གཉིས་ཀའི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས། ས་གནས་ལས་ཁུངས་སྒྲིག་བཀོད་དང་འགན་ནུས་བགོ་སྒྲིག་ལ་གཅིག་གྱུར་འཆར་འགོད་ཐོག་ལེགས་སུ་གཏོང་དགོས་པ་དང་། ཀྲུང་དབྱང་ནས་ས་གནས་བར་ཁོར་སྐྱོད་བདེ་བླག་དང་། གསོན་ཤུགས་རྒྱས་པ། ཅི་གསུང་དེ་སྒྲུབ་ཀྱི་ལས་ཀའི་མ་ལག་འཛུགས་པ། ཀྲུང་དབྱང་གིས་སྤྱི་ཁོག་བྱ་དོན་དོ་དམ་ལ་ཤུགས་སྣོན་དང་། ས་གནས་ཀྱིས་ཏང་ཀྲུང་དབྱང་གིས་ཅི་གསུང་དེ་སྒྲུབ་ཀྱི་སྔོན་འགྲོ་འགན་ལེན་བྱེད་པའི་འོག་རང་ས་ཁུལ་གྱི་བྱ་དོན་ལ་དོ་དམ་ཡག་པོ་བྱེད་པ། ཞིང་ཆེན་རིམ་པ་དང་དེ་བཞིན་དེ་མན་ཆད་ཀྱི་ལས་ཁུངས་ལ་རང་བདག་དབང་ཆ་དེ་བས་མང་བ་སྤྲོད་པ། བང་རིམ་ཁག་གི་ལས་ཁུངས་དང་དེའི་འགན་ནུས་ལུགས་མཐུན་ངང་སྒྲིག་བཀོད་དང་བགོ་སྒྲིག་ཡག་པོ་བྱེད་པ། ས་གནས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྟབས་བདེ་ཞིང་ནུས་པ་ཆེ་བའི་གཞི་རིམ་གྱི་དོ་དམ་སྒྲིག་གཞི་འཛུགས་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ལས་ཁུངས་ཀྱི་སྒྲིག་ཁོངས་ཁྲིམས་གཏན་འཁེལ་བ་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཁྲིམས་ལྟར་རིགས་ཁག་གི་སྒྲིག་འཛུགས་ལས་ཁུངས་ལ་དོ་དམ་བྱེད་པ། ལས་ཁུངས་དང་། འགན་ནུས། དབང་ཆའི་ཚད་བཀག གོ་རིམ། འགན་འཁྲི་ཁྲིམས་གཏན་འཁེལ་བ་བཅས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། སྲིད་གཞུང་སྡེ་ཁག་གི་དབང་ཆ་དང་འགན་འཁྲིའི་གསལ་ཐོའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འགན་སྒྲུབ་བྱ་སྤྱོད་ཚད་ལྡན་དང་གཅུན་སྡོམ་བྱེད་པ། དབང་ཆ་ཁ་གསལ་ངང་བེད་སྤྱོད་པ། ལས་ཁུངས་ཀྱི་སྒྲིག་ཁོངས་དོ་དམ་གྱི་གཏན་སྲོལ་གཅུན་སྡོམ་ཆེ་རུ་གཏོང་བ། ལས་ཁུངས་སྒྲིག་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་གོ་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་པོ་བཙུགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པར་བྱེད་པ། ཏང་ཀྲུང་དབྱང་གི་བཀོད་ཇུས་དང་བཀོད་སྒྲིག་ཁག་ཆད་ལུས་མེད་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བསྒྱུར་བཅོས་ལ་འགན་སྲུང་བྱེད་པ། བསྒྱུར་བཅོས་ཀྱི་ཆ་ཚང་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་བ། ཏང་སྲིད་དམག་དམངས་བཅས་ཕྱོགས་ཁག་གི་ལས་ཁུངས་བསྒྱུར་བཅོས་ཐད་ཕན་ཚུན་རམ་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བསྒྱུར་བཅོས་ཁག་ཕན་ཚུན་སྐུལ་འདེད་དང་། ཆར་པ་ཆུ་གྲོགས་ཀྱིས་སྤྱི་ཡོངས་ཀྱི་ཕན་ནུས་ཐོན་པ་བྱེད་དགོས་ཞེས་ནན་བཏོན་བྱས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་དང་རྒྱལ་ཁབ་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་གྱིས་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་བྱས་ཏེ། ཏང་དང་རྒྱལ་ཁབ་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་འགན་ཁག་ལེགས་གྲུབ་ཡོང་བའི་འགན་སྲུང་བྱེད་པ་དང་། ཆ་ལག་ཚང་བ་དང་། ཚན་རིག་དང་མཐུན་པ། ཚད་ལྡན། འཁོར་སྐྱོད་ནུས་པ་ཆེ་བ་བཅས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ཟམ་མི་ཆད་པར་བཙུགས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་ཇེ་མགྱོགས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་བཅས་ཀྱི་ཆེད་དུ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10