གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཔེ་བསྡུར་ཚོགས་འདུ་ཁྲིན་ཏུའུ་རུ་འཚོགས་པ།

    གངས་ལྗོངས་ཉི་གཞོན།    2018-01-22

གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཔེ་བསྡུར་ཚོགས་འདུ་ཁྲིན་ཏུའུ་རུ་འཚོགས་པ།

      2017ལོའི་སྤྱི་ཟླ་་དང་པོའི་ཚེས་19ཉིན་གྱི་ཕྱི་དྲོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་རིམ་པའི་ལས་གཞི།《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཡི་དཔེ་བསྡུར་ཚོགས་འདུ་དེ་ཁྲིན་ཏུའུ་རུ་འཚོགས། 

      ཐེངས་འདིའི་ཚོགས་འདུའི་ཐོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་རྙིང་འཚོལ་བསྡུ་ཚན་ཆུང་གི་གཙོ་འགན་པ་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་དང་། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན།  དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་སོགས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་རྙིང་འཚོལ་བསྡུ་ཚན་ཆུང་གི་ལས་སྣེ་རྣམ་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར། དེ་བཞིན་འབྲེལ་ཡོད་རྩོམ་སྒྲིག་པ་རྣམས་བཅས་ཁྱོན་མི་གྲངས་བཅུ་དགུ་ལྷག་ཚོགས་ཞུགས་བྱས་ཡོད།   
      ཚོགས་ཐོག་ཏུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་རྣམས་ངོ་སྤྲོད་དང་སྦྲགས། ཐེངས་འདིའི་《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཡི་དཔེ་བསྡུར་བྱ་བ་དང་། རྣམ་གྲངས་འགངས་ཆེན་འདི་ལག་བསྟར་བྱེད་ཕྱོགས་ཀྱི་སྐོར་ནས་གསུང་གླེང་གལ་ཆེན་གནང་། དེ་ནས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་རྙིང་འཚོལ་བསྡུ་ཚན་ཆུང་གི་གཙོ་འགན་པ་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་ལགས་ཀྱིས་ཐེངས་འདིའི་ཚོགས་འདུར་ཕེབས་པའི་དགེ་བཤེས་མཁན་སྤྲུལ་རྣམ་པ་ངོ་སྤྲོད་གནང་བ་དང་ཆབས་ཅིག གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཔེ་བསྡུར་མ་ཕྱི་གསུམ་སྟེ། བོན་བློན་བླ་མ་ནམ་མཁའ་བསྟན་འཛིན་གྱི་བཀའ་འགྱུར་ལས་བྱུང་བའི་དཔེ་བསྡུར་མ་ཕྱི་དང་།  ཨ་གཡུང་བཀའ་འགྱུར་ལས་བྱུང་བའི་དཔེ་བསྡུར་མ་ཕྱི། ཁྱུང་པོ་སྟེང་ཆེན་དགོན་ནས་བརྒྱུད་པའི་བཀའ་འགྱུར་གྱི་དཔེ་བསྡུར་མ་ཕྱི་བཅས་འཚོལ་བསྡུ་གནང་བའི་བརྒྱུད་རིམ་དང་། བཀའ་འགྱུར་པར་གཞི་འདི་གསུམ་གཙོ་བོ་རྒྱལ་རོང་པར་མ་དང་དཔེ་རྙིང་རིགས་ལ་གཞི་བཅོལ་ཏེ་དཔེ་བསྡུར་གནང་རྒྱུ་ཡིན་པའི་སྐོར་ནས་གསུང་གླེང་གནང་། དེ་ནས་རིམ་བཞིན་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན། དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་བཅས་ཀྱིས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་བསྡུར་བྱ་བའི་སྐོར་ནས་གསུང་གླེང་རྒྱས་པར་གནང་།  
   《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་རིམ་པའི་དཔེ་སྐྲུན་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། རྣམ་གྲངས་འདི་༢༠༢༡ལོར་དངོས་སུ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་རེད། ཐེངས་འདིའི་ཚོགས་འདུའི་ཐོག་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་རྙིང་འཚོལ་བསྡུ་ཚན་ཆུང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་འབྱུང་འགྱུར་དཔེ་སྐྲུན་བྱ་རྒྱུའི་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཔེ་བསྡུར་བྱ་བའི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་སྟེ། མ་འོངས་ལས་ཀའི་བྱེད་ཕྱོགས་ལ་སྔོན་ཚུད་ནས་གྲ་སྒྲིག་ལེགས་པར་བྱས་སོ། ། 


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་མཛུབ་ཁྲིད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།