ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2018-01-10
ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚེས་8ཉིན་གྱི་སྔ་དྲོ་པེ་ཅིང་དུ་རྒྱལ་ཁབ་ཚན་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཀའོ་ལི། ཝང་ཧུའུ་ཉིང་བཅས་གྲོས་ཚོགས་ལ་ཕེབས་པ་མ་ཟད་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་གནང་ཡོད་པ་རེད། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་གསུངས་བཤད་གནང་ཡོད་པ་རེད། ཀྲང་ཀའོ་ལི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་།
སྔ་དྲོའི་ཆུ་ཚོད་10པའི་ཐོག་ཚོགས་ཆེན་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་དུ་འགོ་ཚུགས་པ་དང་། སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དང་ཐོག་སྤྱི་ལོ་2017ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རྩལ་བྱ་དགའ་ཐོབ་མཁན་ནན་ཅིང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཡོན་ཧྲི་ཝང་ཙེ་ཧྲན་དང་ཀྲུང་གོའི་ནད་གཞི་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་དུག་ནད་གཞི་སྔོན་འགོག་ཚོད་འཛིན་སའོ་ཡི་ཡོན་ཧྲི་ཧུའོ་ཡུན་ཏེ་རྣམ་གཉིས་ལ་བྱ་དགའི་ལག་ཁྱེར་སྤྲད་གནང་བ་མ་ཟད། ཁོང་རྣམ་གཉིས་དང་སྤྲོ་སེམས་འཁོལ་བའི་ངང་ཕྱག་བཏང་གནང་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད་པ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་བྱ་དགའ་ཐོབ་མཁན་བཅས་ཀྱི་འཐུས་མིར་བྱ་དགའ་སྤྲད་གནང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུངས་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། བྱ་དགའ་ཐོབ་མཁན་ཡོངས་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་འཚམས་འདྲི་ཞུས་པ། ཀྲུང་གོའི་ཚན་རྩལ་བྱ་གཞག་ནང་ཞུགས་པ་དང་དེར་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་།
ལི་ཁེ་ཆང་གིས་མིག་སྔར། རང་རྒྱལ་གྱི་གོང་འཕེལ་དེ་ལོ་རྒྱུས་ཀྱི་ཐོན་ས་གསར་པའི་ཐོག་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་འཁོ་སྐོར་བར། ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་འཛུབ་ཁྲིད་བྱེད་པ་དང་། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གོང་འཕེལ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དེ་བས་ཤུགས་ཆེ་བ་དང་དེ་བས་རྒྱུན་མཐུད་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས་ཞེས་བསྟན།
ལི་ཁེ་ཆང་གིས་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་རྒྱུར་ཁ་ཕྱོགས་ནས། རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། སྣེ་མང་ཅན་གྱི་མ་འཇོག་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། རྨང་གཞིའི་ཚན་རིག་དང་དངོས་སྤྱོད་ཚན་རིག་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དང་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་ཕན་འབྲས་མཐོ་རུ་གཏོང་རྒྱུར་ཁ་གཏད་ནས། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་གང་མགྱོགས་འགག་གཏོར་བྱེད་པ་དང་། ཐོན་ལས་གོང་འཕེལ་གྱི་འགོག་རྐྱེན་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དམངས་འཚོའི་ཕན་བདེ་ཟབ་ཏུ་གཏོང་རྒྱུར་ཁ་གཏད་ནས། གལ་ཆེའི་ནད་ཡམས་འགོག་བཅོས་དང་། བཟའ་རིགས་བདེ་འཇགས། སྦགས་བཙོག་བཅོས་སྒྲིག་སོགས་ཁྱབ་ཁོངས་ལ་འགག་གཏོར་བྱས་ཏེ། མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས། ཚན་རྩལ་གསར་གཏོད་དང་དཔལ་འབྱོར་མཉམ་བསྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་རྩལ་གསར་པ་དང་ཐོན་ལས་གསར་པ། ལས་སྒོ་གསར་པ་བཅས་མགྱོགས་མྱུར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ལི་ཁེ་ཆང་གིས། ཁེ་ལས་དེ་ཉིད་ལག་རྩལ་གསར་གཏོད་ཀྱི་གཙོ་གཟུགས་ལ་འགྱུར་དགོས་པ་དང་། ཁེ་ལས་ཀྱི་གསར་གཏོད་དང་མ་འཇོག་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་པ་དང་འཐུས་ཚང་དུ་གཏོང་བ། རིགས་ཁག་གི་ལག་རྩལ་གསར་གཏོད་རྒྱུ་རྐྱེན་ཁེ་ལས་ལ་གཅིག་བསྡུས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། གསར་གཏོད་གསར་སྐྲུན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་གཏོད་འཁོ་སྤྲོད་ནུས་པ་དང་ལས་ཆོད་མཐོ་རུ་བཏང་ནས། ཀུན་ནས་བྱ་བཞག་གསར་སྐྲུན་དང་ཀུན་ནས་གསར་གཏོད་བྱེད་པའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་གལ་ཆེའི་ཚན་ཞིབ་རྨང་གཞིའི་སྒྲིག་བཀོད་དང་། ཚན་རིག་གྲངས་གཞི། ཡོ་ཆས་སྒྲིག་བཀོད་བཅས་སྤྱི་ཚོགས་ལ་སྒོ་དབྱེ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་འཛམ་གླིང་ཧྲིལ་པོའི་གསར་གཏོད་དྲ་བའི་ནང་འཛུལ་བ་དང་། འཛམ་གླིང་ཐོག་གི་གསར་གཏོད་མཐོ་ས་གཏོད་དགོས་ཞེས་བསྟན་ཡོད་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས། བྱ་དགའ་ཐོབ་མཁན་རྣམས་མིག་དཔེར་འཛིན་ཏེ། སེམས་ནང་མེས་རྒྱལ་དང་མི་དམངས་བཅངས་པ་དང་། འགན་འཁྲི་ཁུར་ཕོད་པ། གཞན་ལས་བརྒལ་ཕོད་པ་བཅས་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་བསྐྲུན་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ལྗིད་པོ་ཁུར་ཕོད་པ་བྱེད་དགོས་ཞེས་གསུངས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ལོ་2017ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོགས་སྦྱང་གནང་བ་དང་། ཝང་ཙེ་ཧྲན་གྱིས་བྱ་དགའ་ཐོབ་མཁན་ཚང་མའི་ཚབ་ཞུས་ཏེ་གཏམ་བཤད་གནང་ཡོད་པ་རེད།
བྱ་དགའ་སྤྲོད་པའི་ཚོགས་ཆེན་མ་འཚོགས་གོང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མི་རྣམས་དང་མཇལ་འཛོམས་གནང་བ་མ་ཟད་ལྷན་དུ་དྲན་བརྟེན་སྐུ་པར་བསྒྲོན་ཡོད་པ་རེད། སྤྱི་ལོ་2017ལོའི་ལོ་འཁོར་མོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཁྲོད་རྣམ་གྲངས་271དང་། ཚན་རྩལ་རིག་གཅིག་མཁས་པ་9དཔྱད་འདེམས་བྱས་ཡོད། དེའི་ཁྲོད་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོམ་མཁན་གཉིས་དང་། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའི་རྣམ་གྲངས་35འི་ཁྲོད་རིམ་པ་དང་པོའི་བྱ་དགའ་༢དང་། རིམ་པ་གཉིས་པའི་བྱ་དགའ་33ཡོད་པ། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའི་རྣམ་གྲངས་66ཁྲོད་བྱ་དགའ་རིམ་པ་དང་པོ་4དང་བྱ་དགའ་རིམ་པ་གཉིས་པ་62ཡོད་པ། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་རྣམ་གྲངས་170ཁྲོད་དམིགས་བསལ་བྱ་དགའ་3དང་གསར་བསྐྲུན་ཚོགས་པའི་རྣམ་གྲངས་3ཚུད་པའི་བྱ་དགའ་རིམ་པ་དང་པོ་21བྱ་དགའ་རིམ་པ་གཉིས་པ་146ཡོད། ཕྱི་རྒྱལ་གྱི་ཙན་རིག་ལག་རྩལ་གྱི་རིགས་གཅིག་མཁས་པ་7ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་གྱི་མཉམ་ལས་བྱ་དགའ་སྤྲད་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10