མི་དམངས་དྲ་བ། 2017-11-29
ཟླ་11ཚེས་27ཉིན། རྒྱལ་ཁབ་བཅུ་དྲུག་གི་མིང་དུ་གྲགས་པའི་དཔེ་སྐྲུན་སྡེ་ཁག་གིས་པེ་ཅིང་གྲོང་ཁྱེར་དུ་ཀྲུང་གོའི་ཕྱི་ཡིག་དཔེ་སྐྲུན་ཁང་དང་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པའི་རྒྱལ་སྤྱིའི་མཉམ་ལས་ཡིག་སྒྱུར་དཔེ་སྐྲུན་གྱི་བརྗེད་ཐོར་མིང་རྟགས་བཀོད་དེ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པ་དེ་རྒྱལ་ཁབ་དེ་ཚོའི་སྐད་ཡིག་པར་མར་ཐུན་མོང་ཐོག་ཡིག་སྒྱུར་དཔེ་སྐྲུན་བྱ་རྒྱུ་ཡིན་པ་རེད།
རྒྱལ་ཁབ་བཅུ་དྲུག་པོ་འདི་ཚོ་ནི་དབྱི་ཐ་ལི་དང་། ཕོ་ལན། ཡུག་རེན། ཨར་པ་ནི་ཡ། རོ་མ་ནི་ཡ། ཁེན་ནི་ཡ། ཐ་ཅི་སི་ཐན། ཝེ་ཐེ་ནམ། ཕ་ཁི་སི་ཐན། བྷང་ག་ལ། ཁམ་ཕུ་ཀྲི། ལོ་སི། མོང་གོལ། བལ་ཡུལ། སི་རི་ལན་ཁ། ཨ་ཧྥུ་ཀ་ནི་སི་ཐན་བཅས་ཡིན་པ་རེད།
ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་།)ཡིས་ཀྲུང་དབྱང་ཡིག་ཚགས་ཞིབ་འཇུག་ཁང་དང་ཀྲུང་གོའི་ཕྱི་ཡིག་ཅུད་གཉིས་དང་མཉམ་དུ་རྩོམ་སྒྲིག་བྱས་པའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པ་ཕྱི་ཡིག་དཔེ་སྐྲུན་ཁང་ནས་རྒྱ་ཡིག་དང་དབྱིན་ཡིག་ངོས་ནས་པར་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་ལ་ཕྱོགས་ཏེ་འགྲེམས་སྤེལ་བྱས་པ་རེད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པར་གསོན་ཉམས་ལྡན་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་གྱི་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེ་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བ་ཞིབ་འབྲི་གནང་ཡོད་ལ། དེ་གར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཕེལ་རྒྱས་རིམ་པ་དང་ནང་དོན་གཙོ་བོ་བསྡུས་ནས་བསྟན་ཡོད་པ་དང་། དེའི་ནང་ཀྲུང་གོའི་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པ་དང་མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་སྤེལ་བར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་འཆར་འགོད་ཀྱིས་བྱས་རྗེས་བཞག་པ་གསལ་པོར་མཚོན་ཡོད་པས། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་དབང་གྲགས་ལྡན་པའི་ཀློག་དེབ་ཅིག་ཡིན་པ་རེད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་དང་པོ་དང་དེབ་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་དང་དཔྱད་བརྗོད་ཡག་པོ་སྤེལ་ཡོད་པ་རེད། མིག་སྔར། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་དང་པོ་ནི་སྐད་རིགས་24ཡི་ཐོག་ནས་དཔེ་སྐྲུན་བྱས་ཡོད་ལ། འཛམ་གླིང་དུ་འགྲེམས་སྤེལ་བྱས་པ་ནི་དཔེ་དེབ་གྲངས་ཀ་ཁྲི་660ཙམ་ལས་བརྒལ་ཡོད་པ་རེད།
མཚམས་སྦྱོར་བྱས་ན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པ་ནི་རྒྱ་ཡིག་དང་དབྱིན་ཡིག་གི་པར་ཙམ་མ་ཟད། ད་དུང་ཧྥ་རན་སེའི་ཡི་གེ་དང་། ཨུ་རུ་སུའི་ཡི་གེ སི་ཕེན་གྱི་ཡི་གེ ཨརབ་ཀྱི་ཡི་གེ འཇར་མན་གྱི་ཡི་གེ ཉི་ཧོང་གི་ཡི་གེ ཕུའུ་ཐའོ་ཀའི་ཡི་གེ་སོགས་ཀྱི་སྐད་རིགས་ནས་ཀྱང་བསྒྱུར་ཏེ་དཔེ་སྐྲུན་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་མང་པོ་ཞིག་གི་མིང་དུ་གྲགས་པའི་དཔེ་སྐྲུན་སྡེ་ཁག་གིས་རང་རྒྱལ་དང་མཉམ་ལས་ཀྱི་སྒོ་ནས་རང་ས་གནས་ཀྱི་སྐད་ཡིག་པར་མར་བསྒྱུར་ནས་དཔེ་སྐྲུན་བྱེད་རེའི་འདུན་པ་མཚོན་པར་བྱས་ཡོད་པ་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པའི་རྒྱལ་སྤྱིའི་མཉམ་ལས་ཡིག་སྒྱུར་དཔེ་སྐྲུན་བྱས་པ་ལས། འཛམ་གླིང་གི་རྒྱལ་ཁབ་ཁག་གི་ཀློག་པ་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ནང་དོན་ཕུན་སུམ་ཚོགས་པོ་དེ་སྔར་ལས་ཆ་རྒྱུས་བླངས་ཏེ་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། གཞུང་ལུགས། ལམ་ལུགས། རིག་གནས་བཅས་ངོས་ཟིན་དང་ཆ་རྒྱུས་ལོན་བླངས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་ཕན་ཚུན་དཔྱད་གཞིར་བྱེད་པའི་སྐུལ་འདེད་བྱེད་ཐུབ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10