ཡེ་ཤེས་ཀྱིས་བསྒྱུར། 2017-11-08
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། ཉེ་ཆར་བོད་ལྗོངས་ཞིང་ལས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་བོན་གསར་སྒྱུར་ཐོན་བརྗེ་ཐེངས་མ་གསུམ་བྱས་པར་བརྒྱུད2016ལོར་བོད་ལྗོངས་ཀྱི་ནས་ཀྱི་ཐོན་ཚད་ཏུན་ཁྲི75ལ་ཟིན་ཡོད་པ་དེ1960ལོའི་ནས་ཀྱི་སྤྱིའི་ཐོན་ཚད་ཀྱི་ལྡབ6ཙམ་རེད།
བོད་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་ནས་ནི་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་རྫས་གཙོ་བོ་ཡིན། ནས་ཀྱི་སོན་བཟང་འདེབས་གསོ་དང་སྣ་ཁ་གསར་པ་གཞི་ཁྱོན་ཆེན་པོར་འདེབས་འཛུགས་བྱེད་པར་ཁྱབ་གདལ་དང་བཀོལ་སྤྱོད་བྱས་སྟབས། བོད་ལྗོངས་ཀྱི་ནས་ཐོན་འཕར་དང་ཉེན་མེད་འགན་སྲུང་བྱེད་པར་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད་ལ། བོད་ལྗོངས་ཀྱི་ཟ་འབྲུ་ཉེན་མེད་ཡོང་བར་འགན་སྲུང་ནུས་ལྡན་ཡང་བྱས་ཐུབ་ཡོད་ཅེས་བཤད།
སྔོན་དུས་ཀྱི1951ལོར་རྒྱལ་ཁབ་ཀྱིས་ཞིང་ལས་ཐད་ཀྱི་རིགས་གཅིག་མཁས་ཅན་ཚོགས་པ་དེ་དམག་མི་དང་མཉམ་དུ་བོད་ལྗོངས་སུ་མངགས་ནས་ཞིང་ལས་ལ་ཚན་རིག་དང་མཐུན་པར་རྟོག་ཞིབ་བྱེད་བཅུག་པ་དང་། ས་གནས་དེ་གའི་ནས་ཀྱི་ས་བོན་གདམ་གསེས་གསལ་འབྱེད་བྱས་ནས་བོད་ལྗོངས་ཀྱི་ནས་ཀྱི་ས་བོན་ཐེངས་དང་པོ་ཐོན་བརྗེ་བྱས་ཐུབ་ཡོད། བོད་ལྗོངས་དབུ་བརྙེས་རྗེས་ཚན་རིག་ཞིབ་འཇུག་བྱེད་མཁན་མི་སྣས་མུ་མཐུད་ནས་ནས་ཀྱི་ས་བོན་བཟང་པོ་འདེམས་གསོ་བྱས་ཏེ་གཅིག་རྗེས་གཉིས་མཐུད་དུ་ནས་ཀྱི་ས་བོན་གསར་སྒྱུར་ཐོན་བརྗེ་ཐེངས་མ་གཉིས་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་རེ་རེའི་ནས་ཀྱི་ས་བོན་གསར་སྒྱུར་ཐོན་བརྗེ་བྱས་རྗེས་ནས་ཀྱི་མུའུ་རེའི་ཐོན་ཚད་བརྒྱ་ཆ15ལྷག་འཕར་བ་རེད། ཚན་རིག་ཞིབ་འཇུག་བྱེད་མཁན་མི་སྣས་བོད་ནས་ཨང2000དང་ཧི་མ་ལ་ཡའི་ཨང22སོགས་ཐོན་འཕར་མཐོ་བའི་ནས་ཀྱི་ས་བོན་གདམ་གསེས་དང་གཞི་ཁྱོན་ཆེན་པོར་འདེབས་འཛུགས་བྱེད་པར་ཁྱབ་གདལ་བཏང་རྗེས་བོད་ལྗོངས་ཀྱི་ནས་ཀྱི་ས་བོན་གཞི་ཁྱོན་ཆེན་པོར་གསར་སྒྱུར་ཐོན་བརྗེ་ཐེངས་མ་གསུམ་བྱས་ཏེ2016ལོ་ལ་ནས་ཀྱི་ཐོན་ཚད་ཏུན་ཁྲི75ལ་བསླེབས་ཡོད།
ཉི་མ་བཀྲ་ཤིས་ཀྱིས་ནས་ཀྱི་ལས་སྣོན་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་ཡོང་བ་དང་བསྟུན་ནས་ཀྱི་སྤུས་ཚད་དེ་བས་མཐོན་པོ་ཡིན་དགོས་པའི་བླང་བྱ་ཡང་ལྡན་པ། བོད་ལྗོངས་ཞིང་ལས་ཚན་རིག་ཁང་གིས་རྒྱལ་ནང་གི་ཚན་ཞིབ་ཞིབ་འཇུག་སྡེ་ཚན20ལྷག་དང་སློབ་གླིང་དང་ཁེ་ལས་དང་མཉམ་ལས་བྱས་ཏེ་ནས་ཀྱི་ལས་སྣོན་གཏིང་ཟབ་མོ་བྱ་རྒྱུའི་ཐོན་རྫས་རིགས40ལྷག་གསར་སྤེལ་བྱས་ཡོད་པ་དེ་ནས་ཀྱི་ཐོན་སྐྱེད་ཐོན་ལས་ཅན་དུ་འགྱུར་བར་ཚན་རྩལ་གྱི་རྒྱབ་རྟེན་དེ་བས་སྟོབས་ལྡན་ཞིག་འདོན་སྤྲོད་བྱ་ཐུབ་རྒྱུ་རེད་ཅེས་བཤད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10