གངས་སྐྱིད་ཀྱིས་བསྡུས་བསྒྱུར་བྱས། 2017-11-02
ཞིང་ལས་པུའུ་ཡི་པུའུ་ཀྲང་ཧན་ཁྲང་ཧྥུ་ལ་བཅར་འདྲི་ཞུས་པ།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་དོན། ས་ཞིང་འགན་གཙང་ལེན་བྱེད་པའི་འབྲེལ་བ་བརྟན་པོ་དང་དུས་ཡུན་རིང་པོ་མི་འགྱུར་བ་བྱ་རྒྱུ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་བྱེད་ཡུན་དེ2023ལོར་སྔ་ཕྱིར་ཚང་རྗེས་ཡང་བསྐྱར་ལོ30བསྲིང་རྒྱུའི་སྲིད་ཇུས་བཏོན་པ་དེ་རྒྱ་ཆེ་བའི་ཞིང་པ་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ལ་ཤུགས་རྐྱེན་དྲག་པོ་ཐེབས་པ་དང་བསྟོད་བསྔགས་ཀྱང་ཐོབ་པ་རེད། ཉེ་དུས་གསར་འགོད་པས་ཞིང་ལས་པུའུ་ཡི་པུའུ་ཀྲང་ཧན་ཁྲང་ཧྥུར་བཅར་འདྲི་བྱས་ཏེ་སྲིད་ཇུས་དེར་གསེད་འགྲེལ་གནང་བ་རེད།
ཧན་ཁྲང་ཧྥུས་གསུངས་དོན། སྲིད་ཇུས་དེ་འདྲ་བཀོད་སྒྲིག་བྱས་པ་དེ་རྒྱ་ཆེ་བའི་ཞིང་པའི་རེ་འདུན་མཚོན་ཡོད་ལ། ཞིང་པར་ཏན་ཏན་ཏིག་ཏིག་གི་ཁེ་བཟང་ཡང་འཐོབ་ཐུབ་པ་རེད། ཞིང་པས་སེམས་བརྟན་པོས་ཐོན་སྐྱེད་བྱེད་ཆོག་པར་མ་ཟད། ད་རུང་སེམས་རྣལ་པོའི་ངང་ནས་ས་ཞིང་གི་བདག་གཉེར་བྱེད་དབང་འཁོར་རྒྱུག་བྱེད་ཆོག་པ་དང་། གྲོང་ཁྱེར་དུ་གླ་པ་ཡང་བྱེད་འགྲོ་ཆོག་པ་རེད། རྣམ་པ་གསར་པའི་ཞིང་ལས་བདག་གཉེར་གཙོ་བོའི་སྔོན་དཔག་དུས་ཡུན་ཡང་དེ་བས་བརྟན་བརླིང་བྱུང་སྟེ། བློས་འཁེལ་བའི་ངང་ནས་གཏོང་འཇོག་བྱེད་ཆོག་པ་དང་ཐོན་སྐྱེད་རྒྱ་སྐྱེད་གཏོང་ཆོག་པ་དང་། ས་ཞིང་གི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱེད་ཐུབ་པས། རྣམ་པ་སྣ་ཚོགས་དང་ཚད་རན་པའི་གཞི་ཁྱོན་ཅན་གྱི་བདག་གཉེར་བྱེད་སྟངས་ཆགས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཐུབ་པ་རེད།
ཧན་ཁྲང་ཧྥུས་བཅོས་བསྒྱུར་གསར་སྦོལ་བྱས་པ་ནས་བཟུང་རང་རྒྱལ་གྱིས་ཞིང་སྡེར་ས་ཞིང་འགན་གཙང་ལེན་རེས་སྐོར་གཉིས་བྱས་ཡོད། རེས་སྐོར་དང་པོ་ནི1978ལོ་ནས་འགོ་ཚུགས་ཏེ་འགན་གཙང་ལེན་བྱེད་ཡུན་ལོ15ཡིན་ཞིང་། ཆེས་སྔ་བ་ནི1993ལོར་དུས་ཡུན་ཚང་བ་དང་། 1993ལོའི་ཟླ་བ11པར་ཀྲུང་དབྱང་གིས་ཡིག་ཆ་བཀྲམས་ཏེ་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་བྱེད་པའི་དུས་ཡུན་ལོ30བསྲིང་རྒྱུའི་སྲིད་ཇུས་གསལ་པོར་བཏོན་ཡོད། 2002ལོར་ཁྱབ་བསྒྲགས་བྱས་པའི་ཞིང་སྡེའི་ས་ཞིང་གི་འགན་གཙང་ལེན་བཅའ་ཁྲིམས་དང2007ལོར་ཁྱབ་བསྒྲགས་བྱས་པའི་དངོས་པོའི་བདག་དབང་བཅའ་ཁྲིམས་གསལ་པོ་བཏོན་ཏེ། རྨོ་ཞིང་གི་འགན་གཙང་ལེན་བྱེད་ཡུན་ནི་ལོ30བཟོས་ཡོད། ཐེངས་འདིར་འགན་གཙང་ལེན་བྱེད་ཡུན་ཡང་བསྐྱར་ལོ30བསྲིངས་རྗེས་རེས་སྐོར་གསུམ་གྱི་ས་ཞིང་འགན་གཙང་ལེན་བྱེད་ཡུན་ཁྱོན་བསྡོམས་ལོ75ཡིན་པས། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་དེ་ལོ75ལ་བརྟན་པོར་རྒྱུན་འཁྱོངས་བྱུང་ཞིང་། སྲིད་ཇུས་ཀྱི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཚོན་ཡོད་ཅེས་གསུངས་པ་རེད།
ཧན་ཁྲང་ཧྥུས་གསུངས་དོན། སྲིད་ཇུས་ཡག་པོ་ཡིན་ལ་དོན་འཁྱོལ་ཡང་ཡག་པོ་བྱ་དགོས་པ་དང་། དེང་སྐབས་སུ་གཙོ་བོར་ཕྱོགས་གཉིས་ཀྱི་ལས་ཀ་ཡག་པོ་བསྒྲུབ་དགོས་པ་སྟེ།
གཅིག་ནི་ཞིང་སྡེའི་འགན་གཙང་ལེན་ས་ཞིང་གི་བདག་དབང་གཏན་འཁེལ་བྱེད་པར་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་ཀ་ཡག་པོ་བྱ་དགོས། འདི་ནི་ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་དང་རེས་སྐོར་གསར་པའི་ས་ཞིང་འགན་གཙང་ལེན་བྱ་རྒྱུ་དེ་བདེ་བླག་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་པའི་རྨང་གཞི་རང་བཞིན་གྱི་ལས་ཀ་རེད། 2017ལོའི་ཟླ་བ9པའི་ཟླ་མཇུག་ཏུ་སླེབས་དུས་ས་ཞིང་མུའུ་དུང་ཕྱུར10.8ཀྱི་བདག་དབང་གཏན་འཁེལ་བྱས་ཏེ་རེས་སྐོར་གཉིས་པའི་ཁྱིམ་ཚང་གི་རྨོ་ཞིང་འགན་གཙང་ལེན་བྱེད་པའི་རྩིས་ཐོ་ཐོག་གི་རྒྱ་ཁྱོན་གྱི་བརྒྱ་ཆ80ལ་ཟིན་ཡོད། ཕྱིན་ཆད་དུ་ཞིང་ལས་པུའུ་ཡིས་ཁྲིད་སྟོན་ཞབས་འདེགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ། 2018ལོར་སྤུས་ཚད་མཐོན་པོའི་ངང་འགན་གཙང་ལེན་ས་ཞིང་གི་བདག་དབང་གཏན་འཁེལ་བྱེད་པར་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་ནན་པོ་བྱ་དགོས།
གཉིས་ནི་ས་ཞིང་གི་བདག་དབང་གསུམ་ཁག་བགོས་ཏེ་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏང་དགོས། ཞིང་སྡེའི་ས་ཞིང་གི་བདག་དབང་དང་། འགན་གཙང་ལེན་བྱེད་དབང་། བདག་གཉེར་བྱེད་དབང་གསུམ་ཁག་བགོས་པ་དང་བཀོད་སྒྲིག་མཉམ་བྱེད་བྱ་དགོས། ཁྱིམ་ཚང་ཐོན་སྦྲེལ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་རྗེས་ཞིང་སྡེ་བཅོས་བསྒྱུར་བྱེད་པའི་ལམ་ལུགས་ཡང་བསྐྱར་གསར་སྐྲུན་གལ་ཆེན་པོ་བྱེད་པ་དེ་རེད། མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན13གྱིས་ལག་བསྟར་བྱ་རྒྱུའི་བསམ་འཆར་བཏོན་ཡོད། ཕྱིན་ཆད་དུ་ཞིང་ལས་པུའུ་ཡིས་ས་གནས་ལ་ཁྲིད་སྟོན་བྱས་ཏེ་མུ་མཐུད་དེ་སྒྲིག་སྦྱོར་གྱི་ལམ་ལུགས་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་གཏོང་བ་དང་མངོན་འགྱུར་བྱ་རྒྱུའི་རྣམ་པ་སྣ་མང་འཚོལ་ཞིབ་བྱས་ཏེ་ཞིང་དུད་ཀྱི་འགན་གཙང་ལེན་བྱེད་དབང་ངོ་མ་བརྟན་པོ་ཡོང་བ་དང་བདག་གཉེར་བྱེད་དབང་ངོ་མ་གསོན་ཉམས་ལྡན་དུ་བཅུག་དགོས་པ་དང་། བཅོས་བསྒྱུར་གྱི་ཁེ་ཕན་ཚང་མར་གང་ལེགས་ཀྱིས་ལོངས་སུ་སྤྱོད་འཇུག་དགོས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10