ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཉིས་ལ་འཕྲིན་ལན་གནང་བ།

མི་དམངས་དྲ་བ།        2017-10-31

ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་འབྲོག་པ་མང་ཚོགས་ལ་སྐུལ་ལྕག་གི་འཕྲིན་ལན་གནང་བ།

     སྐལ་བཟང་མེ་ཏོག་བཞིན་དུ་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ནས་མེས་རྒྱལ་གྱི་མཐའ་སྲུང་བ་དང་བདེ་སྐྱིད་ཀྱི་ཕ་ཡུལ་འཛུགས་སྐྲུན་མཁན་ཞིག་བྱེད་པ།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་འཕྲིན་ལན་བསྐུར་གནང་བ།

     བློ་མཐུན་སྒྲོལ་དཀར་དང་གཡང་འཛོམས་རྣམ་གཉིས་ལ།

     ཁྱེད་གཉིས་སྐུ་ཁམས་བཟང་། འཕྲིན་ཡིག་བསྐུར་བ་མཐོང་བས། སེམས་འགུལ་ཐེབས་བྱུང་། ས་བབ་མཐོ་ཚད་སྨི་3600ཟིན་པ་དང་ལོ་རེར་གངས་ཀྱིས་རི་རྒྱ་ལོ་ཕྱེད་ཙམ་བསྡམས་པའི་མཐའ་མཚམས་མཐོ་སྒང་དུ། ཁྱེད་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་རིང་ཉིན་གཅིག་བཞིན་དུ་ཁུ་སིམ་མེར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྲུང་བཞིན་གནས། བློ་སྤོབས་འདིར་དངོས་གནས་ཡིད་སྨོན་བྱེད་འོས་པ་ཞིག་རེད། ཁྱེད་ཚོ་དང་། དུས་ཡུན་རིང་པོར་མཐའ་མཚམས་སྲུང་ལ་མཐའ་མཚམས་བརྟན་སྲུང་གི་བློ་དཀར་བློས་གཏོང་གི་བློ་མཐུན་ཚོར་ཕྲན་གྱིས་གུས་འདུད་བླ་ན་མེད་པ་ཞུ་རྒྱུ་དང་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    ཁྱིམ་གཞིས་ནི་ཡུལ་སྨད་ཡིན་ལ། རྒྱལ་ཁབ་ནི་ཀྲུང་གོ་ཡིན། ནོར་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བ་ནི་འོས་འགན་རེད། ཁྱེད་ཚོས་སྐད་ཆ་འདི་དག་བཤད་པ་ཤིན་ཏུ་ལེགས། རྒྱལ་ཁབ་ཡོད་ན་ད་གཟོད་ཁྱིམ་གཞིས་ཆགས་ཐུབ། རྒྱལ་མཚམས་བདེ་ལྷིང་མེད་ན། ཁྱིམ་གཞིས་མང་པོ་བདེ་འཇགས་ཡོང་མི་ཐུབ། མེས་རྒྱལ་མངའ་ཁོངས་ཀྱི་རྩི་ཤིང་རེ་རེ་ལ། ང་ཚོ་ཚང་མས་ལྟ་སྲུང་ལེགས་པོ་བྱེད་དགོས། ཁྱེད་ཚོས་མུ་མཐུད་དུ་མེས་རྒྱལ་ལ་དགའ་ཞེན་དང་མཐའ་མཚམས་སྲུང་བའི་བློ་སྤོབས་རྒྱུད་འཛིན་བྱས་ཏེ་འབྲོག་པ་མང་ཚོགས་དེ་བས་མང་པོ་ཞིག་སྐལ་བཟང་མེ་ཏོག་བཞིན་དུ་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་ནས་མེས་རྒྱལ་སྲུང་སྐྱོང་མཁན་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་མཁན་ཞིག་བྱེད་པའི་རེ་བ་ཡོད།

     ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ནས་གྲོལ་མ་ཐག་པ་ཡིན། ཏང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་རྒྱུ་ཡིན། ཚང་མས་ཐུན་མོང་དུ་འབད་བརྩོན་བྱས་ན། སྔོན་ཆད"མི་གསུམ་ཤང"གི་ཡུལ་སྨད་འདི་བདེ་སྐྱིད་ལྡན་ལ་མཛེས་ཤིང་སྡུག་པའི་འབྱོར་འབྲིང་ཤང་ཞིག་ཏུ་བསྐྲུན་ཐུབ་ལ། ཡུལ་མི་ཚོའི་འཚོ་བའང་སྔར་ལས་བཟང་པོར་འགྱུར་ངེས་ཡིན་པ་བདག་གིས་ཡིད་ཆེས་བྱེད་བཞིན་ཡོད། 

                          ཞི་ཅིན་ཕིང་།

                          2017ལོའི་ཟླ་10ཚེས་28ཉིན།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་ཀྱི་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:བྲོ་གར་ཆེ་གྲས《སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་》ཞེས་པ་ཅེ་ཁེ་ནས་འཁྲབ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།