མཚོ་སྔོན་བོད་སྐད་རླུང་འཕྲིན། 2015-02-02
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ལིས་ཝ་ཨར་སི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ལིས་ཝ་ཨར་སི་ལ་མཇལ་འཕྲད་གནང་།མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར།ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འཐབ་ཇུས་རང་བཞིན་སྔར་ལས་ཇེ་དྲག་ཏུ་སོང་བ་དེས་དུས་རབས་གསར་བ་དང་རྣམ་པ་གསར་བ་མཚོན་པར་བྱས་པ་དང་།ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བས་དབུས་ནུབ་རྒྱུད་ཀྱི་འབྲེལ་བའི་ཁྲོད་དུ་དཔེ་སྟོན་རང་བཞིན་དང་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེར་བཏང་།ང་ཚོས་སྔར་ལས་མཐོ་བའི་ཆབ་སྲིད་ཀྱི་རིག་སྟོབས་དང་སྔར་ལས་དྲག་པའི་ཆབ་སྲིད་ཀྱི་འདུ་ཤེས་ལ་བརྟེན་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར།ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན་པས།ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་གོ་སྐབས་གསར་བ་བསྐྲུན།ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཚོང་དོན་གྲོས་མོལ་གྱི་དངུལ་གཏོང་གྲོས་མཐུན་འགོད་པ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་རང་མོས་ཉོ་ཚོང་ལག་བསྟར་བྱེད་པར་ཞིབ་འཇུག་བྱེད་པ།ཚོང་གཉེར་མི་སྣ་འགྲོ་འོང་བྱེད་པར་སྟབས་བདེ་བཟོ་བར་གྲོས་མཐུན་འགོད་པ་སོགས་ཀྱི་ཕྱོགས་སུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན་ནས།ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།
ཝ་ཨར་སི་ཡིས་བཤད་རྒྱུར།ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་།དེང་སྐབས་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ་དང་།ཕྱོགས་གཉིས་ཀར་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་རང་བཞིན་ལྡན་པའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད།ཧྥ་རན་སི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་མཁའ་སྐྱོད་མཁའ་འགྲུལ་དང་ཉིང་རྡུལ།རླངས་འཁོར།དངུལ་ལོར་སོགས་ཕྱོགས་སུ་མཉམ་ལས་བྱེད་པའི་རེ་བ་བཅངས་ཡོད།ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10