མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་བོད་རིག་པའི་གླེང་སྟེགས་སྐབས་དང་པོ

ཤ་བོ་སྐྱབས་དང་བཀྲ་ཤིས་དོན་གྲུབ        2011-10-27

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྲུབ་འགན་འཁུར་བ་དང་བོད་རིག་པའི་སློབ་གླིང་གིས་གཙོ་སྒྲུབ་བྱས་པའི་བོད་རིག་པའི་གླེང་སྟེགས་སྐབས་དང་པོ་སྟེ། རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་སྐུ་གཤེགས་ནས་ལོ་འཁོར་བཅུ་ལོན་པའི་རྗེས་དྲན་དང་བོད་ཀྱི་རིག་གནས་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཚོགས་འདུ་དེ་ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན་དང་ཚེས་ཉེར་གསུམ་ཉིན་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་བསྡུས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་ཧི་ཧྥུན་གྱིས་མགོ་འཛིན་བྱས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་དགེ་རྒན་ཆེན་མོ། རྒྱལ་ཁབ་རིམ་པའི་ཆེད་མཁས་པ་བློ་བཟང་ཆོས་གྲགས་དང་སློབ་ཆེན་གྱི་བོད་རིག་པའི་དགེ་རྒན་ཆེན་མོ། རྒྱལ་ཁབ་རིམ་པའི་ཆེད་མཁས་པ་སངས་རྒྱས། བོད་རིག་པའི་དགེ་རྒན་ཆེན་མོ་བསྟན་འཛིན་ཆོས་འཕེལ་བཅས་དགེ་རྒན་ཆེན་མོ་སོགས་ཀྱིས་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་སྐུ་གཤེགས་ནས་ལོ་འཁོར་བཅུ་ལོན་པར་རྗེས་དྲན་བྱས་པར་མ་ཟད། ཁོང་གི་གསུང་རྩོམ་བསྡུ་སྒྲིག་བྱས་ཏེ་གསུང་འབུམ་པོད་བཅུ་ཡོད་པ་དངོས་སུ་འགྲེམས་སྤེལ་བྱས་པ་ཁྱབ་སྒྲོག་མཛད་པ་དང་། གླེང་སྟེགས་སྟེང་དུ་རྗེ་ཁོང་ཉིད་ཀྱི་དངོས་སློབ་དག་གིས་ཕྱོགས་མི་འདྲ་བའི་སྒོ་ནས་སྐྱབས་རྗེ་དམ་པ་ཁོང་གི་སྐུ་ཚེ་གང་བོའི་མཛད་འཕྲིན་ལ་ཕྱིར་དྲན་དང་། བོད་ཀྱི་རིག་གནས་དང་སློབ་གསོའི་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་པར་དྲན་གསོ་བྱས་ཏེ་དགེ་སློབ་རྣམས་ལ་ཡིད་འགུལ་ཆེན་པོ་ཐེབས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཚན་ཉིད་དང་ཆོས་ལུགས་རིགས་པའི་སྡེ་ཁག་གི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རྒྱལ་ཁབ་རིམ་པའི་ཆེད་མཁས་པ། ཀྲུང་གོའི་ཆོས་ལུགས་ཚོགས་པའི་ལས་འཛིན་དཔལ་འབར་རྡོ་རྗེ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་ཞིབ་འཇུག་གླིང་གི་མགོ་གཙོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རྒྱལ་སྤྱིའི་བོན་ཆོས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། རྒྱལ་སྤྱིའི་བོད་རིག་པ་ཚོགས་པའི་ལས་འཛིན་ཚེ་རིང་ཐར་སོགས་ཀྱིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བ་དང་། དེང་རབས་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་འཆད་ཉན་སྐོར་གྱི་བསམ་གཞིགས་སོགས་གླེང་གཞིའི་ཐད་ནས་གཏམ་བཤད་གནང་། 

མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུ་ཡི་པུའུ་ཀྲང་རྡོ་རྗེ་རབ་བརྟན་དང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་ཟི་ལེན་ཡོན་གཞོན་པ་ཡོས་མགོན་པོ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཕུར་བ་སོགས་འགོ་ཁྲིད་པ་དང་། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་བོད་རིག་པའི་ཆེད་མཁས་པ་ལྔ་བཅུ་ལྷག་དང་སློབ་གྲྭ་དེར་ཡོད་པའི་དགེ་སློབ་སོགས་བསྡོམས་པས་མི་སྟོང་གཅིག་ཙམ་གླེང་སྟེགས་ལ་ཞུགས།

  • ལེ་ཚན་སྔོན་མ།:ལྷོ་ཁའི་མཛེས་མ་དག2011ལོའི་བོད་ལྗོངས་ཡུལ་སྐོར་མཚན་རྟགས་ཕོ་ཉའི་འདེམས་སྒུག་འགྲན་བསྡུར་དུ་ཞུགས
  • ལེ་ཚན་རྗེས་མ།:ལྷ་ལྡན་ཞིང་དུ་བོན་གྱི་དད་ལྡན་པ་ཚོས་ལོ་མཆོད་ཕུལ་བ།
  • དོ་སྣང་ཆེ་བའི་རྩོམ།