བོད་ལྗོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། 2014-02-28
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2013 ལོར་བོད་ལྗོངས་ཀྱིས་རིག་གནས་དམངས་ཕན་བྱེད་སྒོ་ཏན་ཏིག་སྤེལ་བས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། མི་རིགས་རིག་གནས་གོང་འཕེལ་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་སྟེ། བོད་ལྗོངས་ཀྱི་རིག་གནས་ཐོན་ལས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་མ་བཏང་ཡོད། སྤྱི་ལོ 2013 ལོར་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་བོད་ལྗོངས་དཔེ་དེབ་ཁང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་པ་སེ་ཉོ་མི་དགོས་པར་སྒོ་ཕྱེ་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད། ལོ་ཧྲིལ་པོར་ཁྱོན་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་པ་སེ་ཉོ་མི་དགོས་པར་སྒོ་མོ་དབྱེ་བའི་མ་དངུལ་སྒོར་ཁྲི་ཚོ 3264དོན་འཁྱོལ་བྱས་པ་དང་། རིམ་ཁག་སྤྱི་པའི་རིག་གནས་སྒྲིག་བཀོད་ཐད་པ་སེ་ཉོ་མི་དགོས་པའི་རིག་གནས་བྱེད་སྒོ་ཐེངས 12000 སྤེལ་ནས། མང་ཚོགས་མི་ཐེངས་ཁྲི་ཚོ 200 ལྷག་ཙམ་ལ་ཕན་པ་ཐོབ་ཡོད། བོད་ལྗོངས་ཡོངས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་གཙོ་གནད་རིག་གནས་འཛུགས་སྐྲུན་རྣམ་གྲངས་སྒོ་ཀུན་ནས་དོན་འཁྱོལ་བྱས་ནས། སྤྱི་པའི་རིག་གནས་མ་ལག་འཛུགས་སྐྲུན་ལ་གོང་འཕེལ་གསར་པ་བྱུང་བ་རེད། བོད་ལྗོངས་ཡོངས་ཀྱི་ཤང་གྲོང་རྡལ་ཕྱོགས་བསྡུས་རིག་གནས་ས་ཚིགས 543 དང་། རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་བྱེད་ས 39སྐྲུན་པར་མ་དངུལ་ཚད་ལས་བརྒལ་བ་བཏང་ནས། ཁྱོན་སྒོར་དུང་ཕྱུར ༥ ལྷག་ཙམ་ཟིན་གྱི་ཡོད་པའི་ནང་ད་བར་མ་དངུལ་སྒོར་དུང་ཕྱུར 3.6 ལྷག་ཙམ་བཏང་ཟིན་པ་རེད།
དམངས་ཁྲོད་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་ཡིན་པའི་བོད་ཀྱི་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་སྤྱིའི་ཆ་ནས་སྐྲུན་ཟིན་པ་དང་། འགུལ་སྐྱོད་རིག་དངོས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ལས་ཀ་ཐོག་མ་དེ་ཁྱོན་ཡོངས་ནས་འགོ་བཙུགས་ཤིང་། མ་འོངས་པའི་ལོ་གསུམ་ནང་ལྗོངས་ཡོངས་ཀྱི་འགུལ་སྐྱོད་རིག་དངོས་ཚང་མ་མཐིལ་རྟོགས་ཐུབ་རྒྱུ་དང་། བོད་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་སྤེལ་བའི་དུས་ཡུན་ལོ་ཕྱེད་ཀྱི་རིག་དངོས་བཅོས་སྐྱོང་ཆེད་དོན་བྱ་སྤྱོད་ལ་དུམ་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེ་དང་དུས་མཚུངས་མངོན་མིན་ཤུལ་བཞག་སྲུང་སྐྱོང་ལས་ཀ་བདེ་བླག་ངང་སྤེལ་བ་རེད། ད་བར་བོད་ལྗོངས་ལ་ཁྱོན་འཛམ་གླིང་རིག་གནས་ཤུལ་བཞག་གསུམ་ཡོད་པ་དང་། མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་གཉིས་ཡོད་པ། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ 55ཡོད་པ། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པའི་བསྡོམས་འབོར 450 ལས་བརྒལ་བ། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུག་བཞག་རྣམ་གྲངས 323ཡོད་པ་བཅས་ཀྱིས། ལྗོངས་ཡོངས་སུ་གཅིག་གྱུར་དོ་དམ་དང་རིམ་དབྱེའི་སྲུང་སྐྱོང་གི་ལས་ཀའི་ལམ་ལུགས་བཟང་པོ་ཞིག་ཆགས་ཡོད་པ་རེད། གཞན་ཡང་བོད་ལྗོངས་ཀྱིས་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། དམིགས་བསལ་གྱི་རོགས་སྐྱོར་བྱ་དགའི་བྱ་ཐབས་སྤྱད་དེ་རིག་གནས་ཐོན་ལས་གོང་འཕེལ་ལ་སྐུལ་མ་བཏང་བ་དང་། འུན་ཤིང་ཀོང་ཇོ་ཞེས་པ་དང་ཡར་ཀླུང་གཙང་པོའི་བརྩེ་སེམས་ཞེས་པ་སོགས་རིག་གནས་ཐོན་རྫས་བསྟུད་མར་བཏོན་པ་དེ་ཚོ། བོད་ལྗོངས་ཀྱི་རིག་གནས་ཐོན་ལས་འཁྲབ་སྟོན་རྣམ་གྲངས་ཀྱི་དགེ་མཚན་གསར་པར་གྱུར་ཡོད་པ་རེད། བོད་ལྗོངས་ཀྱིས་ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་ཀྱི་བྱ་སྤྱོད་ཞེས་པའི་ཚོང་འགུག་བྱེད་སྒོ་ཆེ་གྲས་ནང་ཧུར་ཐག་ཞུགས་ནས། རིག་གནས་ཐོན་ལས་རྣམ་གྲངས་གཉིས་ལ་དངོས་སུ་མིང་རྟགས་བཀོད་པ་དང་མ་དངུལ་སྒོར་དུང་ཕྱུར 5.7 ནང་འདྲེན་བྱས་པ་རེད། །