མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-01-20
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་ཟླ1པོའི་ཚེས17ཉིན་དང་ཚེས18ཉིན་གཉིས་ལ་ཧི་ནན་ཞིང་ཆེན་གྱི་ཞིང་ལས་དང་ཞིང་སྡེའི་བྱ་བར་རྟོག་ཞིབ་བྱས། ཝང་ཡང་གིས་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཞིང་སྡེའི་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་པ་དང་། ཞིང་ལས་ལ་ཕན་པ་དང་ཞིང་བ་ཕྱུག་པོར་བསྒྱུར་བའི་སྐོར་གྱི་སྲིད་ཇུས་ལག་བསྟར་ནན་མོ་བྱས་ནས། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། ཞིང་ལས་དང་ཞིང་སྡེའི་གནས་བབ་བཟང་བོ་ཇེ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཝང་ཡང་སྔ་གཞུག་ཏུ་སུའེ་ཕེན་རྫོང་དང་ཆོའེ་ཧྲན་རྫོང་གཉིས་ལ་སོང་སྟེ་འབྲུ་རིགས་ཐོན་སྐྱེད་དང་ཕྱུགས་ཟོག་གསོ་སྤེལ། ཞིང་སྡེའི་བཅོས་བསྒྱུར་བཅས་སྐོར་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོ་ཞིང་ཁ་དང་སྡེ་བར་སོང་སྟེ་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་འཕྲུལ་ཆས་ཞབས་ཞུ། ཞིང་ལས་གཞི་ཁྱོན་བདག་གཉེར་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་ཏེ་ས་གནས་སྲིད་གཞུང་དང་གཞི་རིམ་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་བསམ་འཆར་ལ་ཉན། ཁོས་ནན་གྱིས་བཤད་རྒྱུར། འབྲུ་རིགས་ཐོན་སྐྱེད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པས། དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། སྲིད་ཇུས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཞིང་ལས་ཐོན་སྐྱེད་ས་ཁུལ་གཙོ་བོ་དང་འབྲུ་རིགས་འདེབས་པའི་ཞིང་བའི་བརྩོན་སེམས་སྐུལ་སློང་དང་སྲུང་སྐྱོབ་བཟང་བོ་བྱེད་དགོས་པར་མ་ཟད། ཞིང་ལས་ཐོན་སྐྱེད་ས་ཁུལ་གཙོ་བོར་ཞིང་ལས་ཐད་ཀྱི་ཁ་གསབ་རོགས་དངུལ་སྟེར་བ་དང་། འབྲུ་རིགས་ཐོན་སྐྱེད་བྱེད་པའི་ཞིང་ཆེན་གཙོ་བོ་དང་རྫོང་གཙོ་བོར་བྱ་དགའ་དང་ཁ་གསབ་སྟེར་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། འབྲུ་རིགས་ལས་སྣོན་ལས་རིགས་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་དགོས། ཆུ་བེད་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཚན་རྩལ་རྒྱབ་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཞིང་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་དགོས།
ཝང་ཡང་གིས་ནན་གྱིས་བསྟན་དོན། དགུན་ཚུགས་རྗེས། བྱང་ཕྱོགས་ས་ཁུལ་གྱི་དགུན་གྲོ་བཏབ་པའི་ས་ཁུལ་དུ་ཆར་ཆུ་ཉུང་བས། དགུན་དཔྱིད་དུས་ཚིགས་གཉིས་ལ་བསྟུད་མར་ཐན་པ་འབྱུང་སྲིད་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ། ཐན་སེལ་བབ་བསྟུན་གྱི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་པ་དང་། ལག་རྩལ་མཛུབ་སྟོན་གྱི་ཞབས་ཞུའི་བྱ་བར་གཙིགས་འཛིན་བྱེད་པ། ཞིང་ཁའི་དོ་དམ་ལ་ཤུགས་བསྣན་ཏེ། ད་ལོའི་དཔྱིད་ཀའི་འབྲུ་རིགས་ཐོན་སྐྱེད་ལ་རྨང་གཞི་བཟང་བོ་འདིང་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10