ཀྲུང་གུང་ཀྲུང་དབྱང་གིས་རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་བསྡུས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-02-25

ཀྲུང་གུང་ཀྲུང་དབྱང་གིས་རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་བསྡུས་པ།
 

ཟླ2པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་བསྡུས། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དགོང་ཚོགས་སྟེང་ཤེས་ལྡན་ལས་རིགས་ཀྱི་མི་སྣ་གྲགས་ཅན་དང་བྱམས་བརྩེའི་ངང་གླེང་མོལ་བྱེད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་རྒྱ་ལོ་བཅོ་ལྔའི་དུས་ཆེན་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གིས་ཟླ2པའི་ཚེས23ཉིན་གྱི་དགོང་མོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཀྱིས་ཤེས་ལྡན་ལས་རིགས་ཀྱི་མི་སྣ་གྲགས་ཅན་དང་། རྒྱལ་སའི་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན། ཞིང་བ་ཞོར་ལས་པ་སོགས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་ལྷན་དུ། རྒྱ་ལོ་བཅོ་ལྔའི་དུས་ཆེན་བསུས།

དུས་ཚོད་བཅུ་དགུ་དང་སྐར་མ་ཞེ་ལྔའི་སྟེང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཁང་དུ་ཕེབས་ཏེ། ཚང་མར་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་དང་། ཕན་ཚུན་ལ་ཁམས་འདྲི་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་མཉམ་སྤྲོའི་དགོང་ཚོགས་ལ་མགོ་འཛིན་མཛད། ཁོང་གིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་ཤེས་ལྡན་པའི་ལས་རིགས་དང་ལས་གནས་ཁག་གི་བློ་མཐུན་རྣམས་ལ་དུས་ཆེན་གྱི་སྨོན་འདུན་བཟང་བོ་དང་ལྷག་བསམ་ཟོལ་མེད་ཀྱིས་ཁམས་འདྲི་ཞུས།

ལིག་ཡུན་ཧྲན་གྱིས2012ལོ་ནི་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་དེའི་སྣེ་ཁྲིད་དེ། གསར་སྤེལ་བརྩོན་ལེན་དང་། དཀའ་གནད་ཁྱད་དུ་བསལ་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྣ་ཚོགས་ཀྱི་ཁྲོད་ནས་གྲུབ་འབྲས་གསར་བ་བླངས། བླངས་ཟིན་པའི་གྲུབ་འབྲས་དེ་དག་གི་ནང་དུ། ཤེས་ལྡན་པའི་ལས་རིགས་དང་ལས་གནས་ཁག་གི་བློ་མཐུན་རྣམས་ཀྱི་བློ་གྲོས་དང་སྟོབས་ཤུགས་འདུས་ཡོད་ཅེས་གསུངས།

ལིག་ཡུན་ཧྲན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་རང་རྒྱལ་གྱི་འབྱུང་འགྱུར་དུས་སྐབས་ཤིག་གི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བསྐྲུན་པའི་དམིགས་འབེན་ཆེན་པོ་གཏན་ལ་ཕབ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་ནི་ཀྲུང་གོའི་དམིགས་ཡུལ་དང་། ཀྲུང་ཧྭའི་བུ་བུ་མོའི་ཐུན་མོང་གི་མོས་འདུན་རེད། འདི་འདྲའི་རླབས་ཆེ་བའི་ལས་དོན་བསྒྲུབ་པ་དང་། འདི་ལྟ་བུའི་དམིགས་འབེན་ཆེན་པོ་མངོན་འགྱུར་བྱེད་དགོས་ན། ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་གསར་སྐྲུན་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་འདོན་དགོས་ལ། སློབ་གསོའི་བྱ་བ་སྒྲུབ་མཁན་གྱིས་ལས་འགན་ལྗིད་མོ་ཁུར་ནུས་པའི་ཕུལ་བྱུང་ཤེས་ལྡན་པ་སྐོར་ཞིག་སྐྱེད་སྲིང་བྱེད་དགོས་པ་དང་། རིགས་གཞུང་དང་གསར་འགྱུར། རིག་རྩལ། དཔེ་སྐྲུན་བྱ་བ་སྒྲུབ་མཁན་བཅས་ཀྱིས་རིག་གནས་དར་རྒྱས་སུ་གཏོང་བར་ཡར་སྐུལ་དང་། ལས་རིགས་དང་ལས་གནས་ཁག་གི་ངལ་རྩོལ་པ་དཀྱུས་མ་ཁྲི་སྟོང་མང་པོའི་ཐུན་མོང་གི་འབད་བརྩོན་ལ་བརྟེན་དགོས། བློ་མཐུན་རྣམས་ཀྱིས་ཕུགས་སེམས་ཡོད་པ་དང་། ནན་ནན་བཅག་བཅག་གིས་དོན་དངོས་སྒྲུབ་པ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་འདྲེན་འོག་ཏུ། དཀའ་སྤྱད་འབད་འཐབ་དང་། བརྩོན་པ་ལྷོད་མེད་བསྐྱེད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།  


 

  • ལེ་ཚན་སྔོན་མ།:བླ་བྲང་བཀྲ་ཤིས་འཁྱིལ་ནས་རྒྱ་ལོ་སྨོན་ལམ་ལ་གོས་སྐུ་བཤམས་པ།
  • ལེ་ཚན་རྗེས་མ།:《དབུས་ལམ་གྱི་ཉི་མ》ཞེས་པར་གསེར་ཁོ་ལཱ་དོམ་གློག་བརྙན་དུས་ཆེན་དུ་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།