རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས།(3)
སྐྱིད་ལུང་གནས་བརྟན་ཚེ་རིང་དང་དཀོན་མཆོག་རྡོ་རྗེས། 2013-05-03
16.འགག་སྟོད་རྒྱལ་པོ།(冷边土司)འདི་ལ་མགོ་ཐོན་དང་།མགོ་སྟོད་དང་།འགུ་སྟོད་སོགས་བྲིས་འདུག མིང་དང་ཆིང་རྒྱལ་རབས་ནས་ས་གནས་རྒྱལ་པོའི་དབང་བསྒྱུར་བྱས་བཅིངས་འགྲོལ་བཏང་བའི་བར་ལོ542ཙམ་གྱི་ལོ་རྒྱུས་ཡོད།གོང་མ་ཆན་ལུང་སྐབས་སུ་ལྕགས་ཟམ་གྱི་ཟམ་པ་ད་དུང་བརྒྱབ་མེད་པས་ལིང་ཅི་གྲོང་ནི་རྒྱ་བོད་ཚོང་ལམ་གྱི་གལ་ཆེའི་ཚོང་ལམ་ཞིག་ཡིན་པས་སྐབས་དེར་དར་མདོ་ལས་ཀྱང་ཚོང་ལམ་གྲིམ།རྒྱལ་པོ་དེའི་མངའ་འོག་ནི།ད་ལྟའི་ལྕགས་ཟམ་རྫོང་གི་ཝ་ཇོ་དང་།དར་པ་།ཅ་ཆིང་།ལ་ངན།ངག་འུ།ངག་ནིང་།ཙ་ལི་སོགས་ཡིན།རྒྱལ་ས་ནི་དཀར་མཛེས་ཁུལ་གྱི་ལྕགས་ཟམ་རྫོང་གི་ལིང་ཅི་གྲོང(泸定冷绩镇)དུ་ཡོད།
17.འགག་སྨད་རྒྱལ་པོ།(天全六番土司)མགོ་སྨད་དང་།འགག་སྨད།འགུ་སྨད་ཀྱང་ཟེར།ལྕགས་ཟམ་རྫོང་གི་རྒྱ་ཡིག་གི་ལོ་རྒྱུས་དཔྱད་ཡིག་ནང་བཀོད་པ་ལྟར་ན།ཀྲུའུ་དང་ཆིང་རྒྱལ་རབས་ཀྱི་དུས་སུ་ཆང་ལས་ས་ཆ་སོགས་ནི་གནའ་བོའི་བོད་ཀྱི་བྱང་མི་ཡིན་པ་དང་།ཧན་གྱི་རྒྱལ་རབས་ཀྱི་དུས་སུ་ད་ལྟའི་ལྕགས་ཟམ་གྱི་ཧྲེན་ཚུན་ས་ཆ་དེ་ཆེས་དར་རྒྱས་བྱུང་ནས་མངའ་འོག་ཏུ་ད་ལྟའི་གཡག་རྔའི་ཧན་ཡོན་དང་།རོང་ཅིན།ཐན་ཆོན་གྱི་སི་དབྱང་།ལུའུ་ཧྲན།པའོ་ཞིན།ཡོན་ཡོའན།ཧྲི་མན་དང་།ལིའང་ཧྲན་ཁུལ་གྱི་ཡོན་པད།མུ་ལི།དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་དང་།ཉག་སྨད།དར་མདོ།རྟའུ་སོགས་རྫོང་བཅུ་བཞི་ཙམ་ཧྲེན་ཚུན་གྱི་མངའ་འོག་ཡིན་ནོ།།ཡོན་རྒྱལ་རབས་ཀྱི་དུས་དུ་ད་ལྟའི་ལྕགས་ཟམ་རྫོང་གི་ནིང་ཀྲུའུ་དང་།ཏུའོ་ཆིན།ལིང་ཅི།ཧྲེན་ཚུན།ཚ་ཏའོ།ངག་ཀྲུའུ་སོགས་ཀྱི་ས་གནས་མང་པོ་ཞིག་ཐན་ཆོན(天全)གྱི་འགག་སྨད་རྒྱལ་པོའི་མངའ་འོག་དུ་གྱུར་ཅིང་།ལྕགས་ཟམ་གྱི་རྒྱལ་མོ་རྔུལ་ཆུའི་ཤར་རྒྱུད་ནས་ཐན་ཆོན་བར་འགག་སྨད་རྒྱལ་པོའི་མངའ་འོག་ཏུ་གྱུར།འགུ་ཐང་དང་།རྒྱལ་མོ་རྔུལ་ཆུའི་ནུབ་རྒྱུད(长河西)ནིང་ཡོད(宁远)སོགས་ནི་འགག་ལ་རྒྱལ་པོའི་མངའ་འོག་ཏུ་གྱུར།རྒྱལ་པོ་འདིའི་རྒྱལ་ས་ནི་ད་ལྟ་ཐན་ཆོན་གྱི་རབ་རྒྱས་ཤང(天全饶吉乡)དུ་ཆགས་ཡོད།
གོང་གི་རྒྱལ་པོ་དྲུག་ནི་དེང་སྐབས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཡོད།
18.མུ་ཕྱི་རྒྱལ་པོ།(穆平土司)མུ་ཕྱིའི།མུ་ཕྱིས།མི་ཕམ་སོགས་བྲིས་འདུག རྒྱལ་པོ་དེ་ནི་སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱ་ཉི་ཤུའི་སྐབས་ནས་གཡག་རྔ་ས་ཆར་གནས་བཅས་ཡོད་ཅིང་།ཆེས་དར་སྐབས་ད་ལྟའི་གཡག་རྔ་སོགས་ཀྱི་རྫོང་ཁག་དྲུག་ཙམ་གྱི་ས་ཆ་མངའ་འོག་ཏུ་ཚུད་ཡོད།སྔོན་ཆད་འགུ་ཐང་རྒྱལ་པོ་ཡང་དེའི་མངའ་འོག་ཡིན་པར་གྲགས།དེའི་རྒྱལ་རབས་ཡིག་ཐོག་ཏུ་བཀོད་ཡོད་པ་རྒྱལ་པོ་ནམ་མཁའ་ནོར་བུ་ནས་རྒྱལ་མཚན་རྡོ་རྗེའི་བར་ཏེ་སྤྱི་ལོ1373ནས1929ཡི་བར་རྒྱལ་རབས་ཉི་ཤུ་རྩ་བརྒྱད་ཙམ་བྱུང་ཡོད།རྒྱལ་ས་ནི་ཐོག་མར་གཡག་རྔ་ནས་རིམ་བཞིན་ཡར་སྤོས་ནས་མཐར་པའོ་ཞུན་དུ(宝兴)ཆགས་ཡོད།
གོང་གི་རྒྱལ་པོ་གཉིས་ནི་དེང་སྐབས་གཡག་རྔ་ཀྲོན་ཆུས་ཀྱི་མངའ་ཁོངས་སུ་ཡོད།
འདིར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་གྲངས་འདྲེན་པ་ཙམ་ལས་དོན་དུ་རྒྱལ་རོང་ཡུལ་དུ་རྒྱལ་ཁག་ཉི་ཤུ་སུམ་ཅུ་ཙམ་བྱུང་འདུག བཙན་ལྷ་ངག་དབང་གིས་གསུང་རྒྱུར།རྒྱལ་ཁག་བཅོ་བརྒྱད་ཅེས་པ་ནི་སྔོན་ཞང་ཞུང་གི་བཀྲ་ཤིས་པའི་གྲངས་ཀ་མཚོན་བྱེད་ཅིག་སྟེ་ངག་ཏུ་བརྗོད་བདེ་བའི་བཅོ་བརྒྱད་ཀྱི་གྲངས་བགྲང་པ་ལས།རྒྱལ་རོང་ཡུལ་དུ་དོན་དངོས་སུ་རྒྱལ་ཁག་བཅོ་བརྒྱད་ཁོ་ན་ཡིན་དགོས་པའི་ངེས་པ་མ་མཆིས།།