རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས།(2)
སྐྱིད་ལུང་གནས་བརྟན་ཚེ་རིང་དང་དཀོན་མཆོག་རྡོ་རྗེས། 2013-05-03
རྒྱལ་པོའི་གདུང་རྒྱུད་ནི་ཁྱུང་པོའི་རྒྱལ་རྒྱུད་ཀྱི་ནང་ཚན་ཁྱུང་དཀར་གྱི་རིགས་ཡིན་ཟེར།རྒྱལ་རབས་ནི་མདོ་ལིའི་ཞེས་པའི་རྒྱལ་རབས་མ་མཐོང་ཡང་ཝ་སི་རྒྱལ་པོར་རྒྱལ་རབས་ཉེར་ལྔ་ཙམ་བྱུང་ཡོད་པའི་ལོ་རྒྱུས་གསལ་བས།དེ་གཉིས་གཅིག་མཚུངས་ཡིན་པ་འདྲ་ཞིང་།ཝ་སིའི་རྒྱལ་རབས་དེ་གཡུང་དྲུང་བློ་གསལ་ནས་སའོ་གའོ་ཀང་བར་རྒྱལ་རབས་ཉེར་ལྔ་ཙམ་བྱུང་འདུག རྒྱལ་ས་ནི་རྔ་བ་ཁུལ་ཝུན་ཁྲོན(汶川县威州镇)རྫོང་གི་མངའ་ཁོངས་སུ་ཡོད།
གོང་གི་རྒྱལ་པོ་བཅུ་ནི་དེང་སྐབས་རྔ་བ་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཡོད།
11.དགེ་ཤིས་ཙ།(革什杂土司)འདི་ལ་དེང་གི་ཡིག་ཆ་ཁ་ཤས་སུ་མདའ་མདོ་དང་ཁ་ཁར་བགྲངས་ནས་བཀོད་འདུག་ཀྱང་དགེ་ཤིས་ཙ་ནི་རྒྱལ་ཁབ་ཀྱི་མིང་དང་།མདའ་མདོ་ནི་རྒྱལ་སའི་མིང་སྟེ་དེ་གཉིས་ནི་རྒྱལ་ཁག་གཅིག་གི་མིང་ཡིན།སྤྱི་ལོ1269ལོ་ཡན་གྱི་ལོ་རྒྱུས་ཡིག་ཆར་མི་གསལ་ཞིང་།བདེ་ཆེན་འབྱུང་གནས་ནས་དབང་རྒྱལ་བར་ཏེ་སྤྱི་ལོ1269ནས་བཅིངས་འགྲོལ་བཏང་བའི་བར་རྒྱལ་རབ་ཉེར་ལྔ་ཙམ་ཡོད་བྱུང་ཡོད་ལ།རྒྱལ་ས་ནི་དཀར་མཛེས་ཁུལ་གྱི་རོང་བྲག་རྫོང་(丹巴县革什杂乡)དུ་ཡོད།
12.བྲག་སྟེང་རྒྱལ་པོ།(巴地土司)ཡིག་ཆར་འགོད་ཐུབ་པ་ཀུན་དགའ་ནོར་བུ་ནས་ཉི་མ་དབང་འདུས་བར་ཏེ་ཕལ་ཆེར་དུས་རབས13པ་ཡས་མས་ནས་བཅིངས་འགྲོལ་བཏང་བའི་བར་རྒྱལ་རབས་ཉེར་གཉིས་ཙམ་བྱུང་ཡོད་ལ།རྒྱལ་ས་ནི་དཀར་མཛེས་ཁུལ་གྱི་རོང་བྲག་རྫོང(丹巴县巴地乡)དུ་ཡོད།
13.པ་ཝཾ་རྒྱལ་པོ།(巴旺土司)དཔའ་བོ་དང་།པ་བོ།པ་ཝམ་སོགས་བྲིས་འདུག ཡིག་ཆར་འགོད་ཐུབ་པ་སངས་རྒྱས་འབུམ་ནས་ཀུན་བཟང་སྐྱབས་ཀྱི་བར་ཏེ་བཅིངས་འགྲོལ་བཏང་བའི་བར་དུ་རྒྱལ་རབས་ཉེར་བཞི་ཙམ་བྱུང་ཡོད་ལ།རྒྱལ་ས་ནི་དཀར་མཛེས་ཁུལ་གྱི་རོང་བྲག་རྫོང(丹巴县巴旺乡)དུ་ཡོད།
14.ལྕགས་ལ་རྒྱལ་པོ།(康定明证土司)ངག་དབང་རྒྱལ་མཚན་ནས་རྒྱལ་མཚན་མཆོག་འཕེལ་བར་ཏེ་སྤྱི་ལོ1407ནས1922བར་ལོ་རྒྱུས་དེབ་ཐེར་དུ་བཀོད་ཡོད་ལྟར་ན(སྤྱི་ལོ1511ནས1666བར་གྱི་རྒྱལ་རབས་ཀྱི་ཡིག་ཆ་ལག་སོན་མ་བྱུང་བས)རྒྱལ་རབས་བཅོ་ལྔ་ཙམ་བྱུང་ཡོད་ལ།རྒྱལ་ས་ནི་དཀར་མཛེས་ཁུལ་གྱི་དར་མདོ་རྫོང(康定县)དུ་ཡོད།
15.འགུ་ཐང་རྒྱལ་པོ།(鱼通土司)འདི་ལ་འགག་ལ་དང་།མགོ་ཐང་།མགོ་དུམ།ཡུ་ཐང་སོགས་འབྲི་ཚུལ་མང་དག་བྱུང་འདུག་ཀྱང་ཡིག་རྙིང་ནང་འགུ་ཐང་ཞེས་བྲིས་འདུག 《དར་མདོ་རྫོང་གི་ལོ་རྒྱུས》དང་《ཐན་ཆོན་རྫོང་གི་ལོ་རྒྱུས》སོགས་སུ་སྔོན་གྱི་ཡོན་རྒྱལ་རབས་དུས་ནས་འགུ་ཐང་དང་གཡག་རྔ་སོགས་བོད་རིགས་ཡིན་པ་དང་།སྤྱི་ལོ1279ཙམ་ནས་ཡུལ་དེར་ཡུལ་ཕྱོགས་ཀྱི་འགོ་དཔོན་མང་དག་བྱུང་བའི་ལོ་རྒྱུས་འདུག
རྒྱལ་པོ་ཞེས་པའི་མིང་ཐོག་མར་ནི་མུ་ཕྱི་རྒྱལ་པོའི་སྲས་རྒྱལ་ཆེན་མགོན་ཡབ་རྒྱལ་པོ་དང་ནང་མ་མཐུན་ནས་འགུ་ཐང་དུ་གནས་སྤོས།1833ལོར་རྒྱལ་ཆེན་མགོན་གྱི་ཚ་བོ་རྒྱལ་མཚན་ཕུན་ཚོགས་ཀྱིས་དངོས་སུ་འགུ་ཐང་གི་རྒྱལ་སྲིད་བསྐྱངས་ནས་འགུ་ཐང་རྒྱལ་པོའམ་འགུ་སྟོད་རྒྱལ་པོ་ཐོགས།ཆིང་རྒྱལ་རབས་སྐབས་སུ་ད་ལྟའི་འགུ་ཐང་དང་ཅིང་ཐང་བར་གྱི་འགུ་ཐང་ཆུ་བོའི་སྟོད་ལ་འགུ་སྟོད་དང་།མེ་སྤུངས་མན་ཆོད་ནས་རྒྱལ་མོ་རྔུལ་ཆུའི་ངོགས་གཉིས་སུ་འགུ་སྨད་ཟེར།ད་ལྟའི་དར་མདོའི་འགུ་ཐང་ནས་ཐན་ཆོན་བར་འགུ་ཐང་རྒྱལ་པོའི་མངའ་འོག་ཡིན་ཞེས་རྒྱའི་ཡིག་ཚང་དུ་བཀོད་འདུག རྒྱལ་ས་ནི་དཀར་མཛེས་ཁུལ་དར་མདོ་རྫོང་གི(鱼通乡)མངའ་ཁོངས་སུ་ཡོད།