ཆུ་ཆེན་རབ་བརྟན་རྒྱལ་པོའི་སྐོར།

བྲག་པར་དཔལ་ལྡན།        2013-05-02

ཆུ་ཆེན་རབ་བརྟན་རྒྱལ་པོའི་སྐོར།
བཀའ་བཏགས་གསེར་གྱི་རྡོ་རིང་ཡོད་ས་ནི་ཆུ་ཆེན་རབ་བརྟན་རྒྱལ་པོའི་རྒྱལ་ས་དང་།རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་འཁྲུངས་ས་སོགས་ཀྱི་གནས་ཁྱད་འཕགས་ཅན་ཞིག་ཡིན།ཆུ་ཆེན་རབ་བརྟན་རྒྱལ་པོའི་སྐོར།



ལྷ་སྟེང་དགོན་ནི་སྔོན་ཆད་ཆེས་དར་རྒྱས་ཆེ་བའི་བོན་གྱི་དགོན་སྡེ་ཞིག་ཡིན།གོང་མ་ཆན་ལུང་གིས་དགེ་ལུགས་དགོན་དུ་བསྒྱུར་བ་དང་།ཕྱིས་སུ་ཡང་བོན་གྱི་དགོན་པར་བསྒྱུར།
 

ཆུ་ཆེན་རབ་བརྟན་རྒྱལ་པོ་གོང་མའི་མངའ་འོག་ཏུ་མ་འདུས་པའི་རྐྱེན་གྱིས་སྤྱི་ལོ1253༼ཡོན་ཞན་ཙུང་ཁྲི་ལོ་གཉིས་པ༽ཆུ་ཆེན་རབ་བརྟན་རྒྱལ་པོ་ཚེ་དབང་དོན་འགྲུབ་དང་ཨ་དྲུང་གཉིས་ཀྱི་སྐབས་སུ་ཡོན་གྱི་དམག་དཔུང་ཁག་གསུམ་དུ་བགོས་པས།ཡུན་ནན་ཁོངས་ཏ་ལི་རྒྱལ་ཁབ་ཏུ་དཔུང་འཇུག་གིས་དེང་སྐབས་རྔ་བ་དང་།དཀར་མཛེས།ཡོན་ཡ་བཅས་ཁུལ་ཁག་གི་ཁྱབ་ཁོངས་སུ་ཡོད་པའི་བོད་རིགས་ས་ཁུལ་རྣམས་ཡོན་རྒྱལ་རབས་ཀྱི་དམག་དོན་སྟོབས་ཤུགས་ཀྱིས་བཀག་སྡོམ་བྱས་ཀྱང་།ཆུ་ཆེན་དང་བཙན་ལ་རྒྱལ་པོ་གཉིས་ནི་སྟོབས་དང་དཔའ་རྩལ་ཆེ་བས།ཧོར་རྒྱལ་པོའི་དུས་ནས་མངའ་འོག་ཏུ་མ་ཆུག་པར་གྲགས།རྒྱུ་མཚན་དེའི་རྐྱེན་གྱིས་རབ་བརྟན་རྒྱལ་ས་བོན་གྱི་གནས་ཆེན་དེ་སྔར་ལས་གྲགས་ཤིང་།བོན་གྱི་མཚན་ཉིད་དང་བོན་ཆོས་ཀྱི་བཀའ་བསྟན་སོགས་དཔར་ཤིང་ཡོད་པའི་དགོན་ཆེན་མདོ་སྨད་རྒྱལ་མོ་རོང་གི་བོན་ཐམས་ཅད་ཀྱི་ལྟེ་གནས་གཡུང་དྲུང་ལྷ་སྟེང་ཡང་གྲགས་སྙན་ནམ་མཁའ་དང་མཉམ་མོ།།བཙན་ལ་དེ་ཡོན་རྒྱལ་རབས་ལ་འགོ་མ་བཏགས་ཀྱང་མཐར་ཡོན་གྱི་དམག་དཔུང་གི་དྲག་ཤུགས་ཀྱིས་མངའ་འོག་ཏུ་ཆུད་དགོས་པས།ས་སྐྱ་དང་ཡོན་རྒྱལ་རབས་གཉིས་བདག་ཉིད་ཆེན་པོ་གྱུར་ནས་བཙན་ལ་བདག་ཆེན་ཞེས་གྲགས།འོན་ཀྱང་།བཙན་ལ་བདག་ཆེན་གྱི་རྒྱལ་རྒྱུད་མེད་ཕྱིར་མན་པ་ར་རྫི་ཞིག་གིས་རྒྱལ་སྲིད་བསྐྱངས་པའི་མཐར་རབ་བརྟན་རྒྱལ་པོ་དང་གཉེན་བྱས་ནས་གོང་མ་ལྷས་སྐྱོང་གྱེན་ལྡོག་བྱེད་རྐྱེན༼1728༽ལོར༼ཡོང་ཀྲིན་ཁྲི་ལོ་དྲུག་པར༽ཐན་ཇོན་ལིའུ་ཕན་ཀྲའོ་དའོ་སི་ཐན་ཇོན་ཀྲའུ་ལ་བསྒྱུར་པ་དང་།ཆན་ལུང་གི་ལོ་རབས་ནང་དམག་དཔུང་འབོར་ཆེན་བརྟེན་ནས་སྔ་རྗེས་སུ་ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་ལ་ཆུ་ཆེན་དང་བཙན་ལ་དང་རྫ་སྐྱེ་སྐུའི་ས་སྤྱོད་པའི་གྱེན་ལྡོག་ལ་དྲག་གནོན་གྱིས་དེ་རྨག་མེད་བཟོ་ཆེད་ཏུའུ་ཧྲུའུ་སི་ཡི་དབང་བསྒྱུར་ལས་ཁུངས་བཙུགས།དེ་ལ་ས་འབྲུག་ལོར་འཁྲུགས་ཆུང་དང་།ལྕགས་ཡོས་ལོར་འཁྲུགས་ཆེན་ཞེས་གཉིས་ཡོད་པ་རེད།
1.རབ་བྱུང་བཅུ་གཉིས་པའི་མེ་སྟག་ལོར་ཆུ་ཆེན་དང་བཙན་ལའི་སྐོར།
རབ་བྱུང་བཅུ་གཉིས་པའི་མེ་སྟག་ལོར་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་མག་པ་བཙན་པའི་ཚེ་དབང་བདག་ཆེན་གཉིས་ཅུང་མ་མཐུན་པས།རབ་བྱུང་བཅུ་གསུམ་པའི་མེ་ཡོས་ལོར་ལྕགས་ལ་རྒྱལ་པོ་དང་དགེ་བཤེས་རྩ་རྒྱལ་པོ་གཉིས་དང་ཆུ་ཆེན་རབ་བརྟན་རྒྱལ་པོའི་བར་ས་རྩོད་བྱུང་ཚེ།ཟི་ཁྲོན་སྐོར་སྐྱོད་ཨམ་པཎ་སྲན་གྱིས་དེ་ལ་ཁ་གཡར་ཏེ་དམག་ཆུ་ཆེན་སྟེང་དུ་ཕུད་པར་རབ་བརྟན་རྒྱལ་པོ་ཕམ་རྗེས།ལྷས་སྐྱོང་གོང་མ༼ཆན་ལུང༽ཡིས་དཔའ་དང་དཔུང་ཤུགས་ངོམ་སྟེ།ཟི་ཁྲོན་ཙུང་ཏི་ཀྲང་ཟེ་གང་ལ་ཁྲི་དམག་གསུམ་ཁྲིད་དུ་བཅུག་ནས།བཙན་ལ་རྒྱལ་པོས་ཀྱང་དཔུང་རོགས་བྱས་ཏེ།ཕྱོགས་གསུམ་ནས་ཆུ་ཆེན་བསྐོར་བར་མ་ཟད།ལོ་ཕྱེད་ལ་ཆུ་ཆེན་ཕམ་རྒྱུ་འཆར་གཞི་བྱས་ནའང་།ཆུ་ཆེན་གྱི་དགྲ་རྫོང་ཞིག་གཏོར་བ་ལས་མཁར་གྲོང་ཞིག་ལེན་པ་སླ་ཞེས་ཕག་སྣ་བྲག་ལ་ཐུག་སྟེ།ལོ་ཕྱེད་ཟད་དེ་ས་འབྲུག་ལོའི་དཔྱིད་གར་དམག་དཔོན་ཀྲུང་ཞིན་དང་།མུན་ཁྲིན་ཞེས་པ་སོགས་མི་དམག་མང་པོ་བསད་སྟབས།གོང་མས་ཤེས་ལྡན་ཆེན་དཔུང་གནོན་ལ་བཞག་ཅིང་ཕྱིར་ལོག་ཨར་བྷན་ཡོ་ཀྲུང་ཆེ་སླར་དམག་དཔོན་དུ་བསྐོས་ནས་འཐབ་མོད།དཔོན་མི་ཚོའི་ནང་མ་མཐུན་པ་དང་།བཙན་ལའི་དཔོན་མོ་ཨ་ཁོ་ཞེས་པ་ཆུ་ཆེན་གྱི་ནང་མ་ཡིན་པའི་རྐྱེན་གྱིས་དམག་བདག་རིན་ཅེས་དང་ཅ་ཀོང་རིད་ཟེར་པ་གཉིས་བཅས་དམག་མང་པོ་སླར་ཡང་ཤི་ལམ་དུ་བསྡུས་ཚེ།ཙུང་ཏི་ཀྲང་ཟི་ཀང་དང་ཤེས་ལྡན་ནའ་ཆེན་གཉིས་གོང་མས་བཀའ་ཆད་ཕོག་ནས་བསད།ལོ་དེའི་དགུན་ལ་ཤེས་ལྡན་ཧྥོ་ཧུན་ཞེས་པ་དཔུང་གནོན་དུ་བསྐོས་ཏེ་བཙུན་མི་ཨ་ཁོ་སོགས་ནང་མ་རྣམས་བསད།འཐབ་ར་བཟུང་ཞིང་གཞི་ར་བཅོམ་པའི་འཐབ་རྩལ་ལྟར་ཆུ་ཆེན་ལ་རྒོལ་བར།རབ་བརྟན་རྒྱལ་པོས་ངོ་ཡ་མོ་པོ་བྱས་ནའང་།དམག་དཔོན་ཡོ་ཀྲུང་ཆི་ཡོང་ནས་སླུ་ཐབས་ཀྱིས་རབ་བརྟན་དང་མཐུན་གཏམ་སྨྲས་པར་བརྟེན།ས་སྦྲུལ་ལོའི་དཔྱིད་ཁར་འགོ་བསྒུར་རོ་དེ་ལ་ས་འབྲུག་ལོའི་འཁྲུགས་ཆུང་ཟེར།དེ་ནས་ཆུ་ཆེན་རབ་བརྟན་རྒྱལ་པོ་རྗེ་རྗེ་རྒྱལ།རབ་བྱུང་བཅུ་གཉིས་པའི་མེ་བྱ་ལོར་ཇུན་ཆེན་གྱི་དབུས་དམག་དང་པོའི་དུས་སུ།རྒྱ་དཔོན་ཡོ་ཀྲུང་ཆི་དང་ལྷན་དུ་ལྷོ་དམག་ཅེས་ཆབ་མདོ་བརྒྱུད་ནས་དབུས་སུ་དམག་དྲངས་ཏེ།ཇུན་གར་པ་ཙེ་དབང་རབ་བརྟན་ཕམ་པར་བྱས་རྗེས་བཞག་པ་རེད།ཆུ་ཡོས་དུས་འཁྲུགས་དང་མན་ཆེན་གྱིས་དམག་དབུས་སྐྱོད་གཉིས་པའི་སྐབས་སུའང་རོགས་རམ་བྱེད་མྱངས་སྟབས།གོང་མ་ལྷས་སྐྱོང་གིས་རེ་ཞིག་ཉེས་ཆད་མ་གཅོད་པར་མ་ཚད།སྔ་སོར་མང་རྒྱལ་རབས་ཀྱིས་ཀྲང་ཀའན་སིའི་གོ་གནས་ཐོག་ཏུ།མན་ཆེན་གྱིས་ཨན་ཧྥུ་སིའི་གོ་གནས་བཞག་སྟེ།ཐོག་མར་ཕོ་བྲང་ནུབ་རི་ནས་རྒྱལ་རོང་ལྟ་བུའི་དགྲ་རྫོང་བསྐྲུན་ཏེ།དེར་རྒོལ་བར་སྦྱོང་བའི་སྐས་དམག་ཅེས་དམག་ཉིས་སྟོང་ལྷག་ཡོད་པའི་དམག་སྒར་བཙུགས་ཤིང་།དེ་ནས་ཆུ་ཆེན་མཐུན་པའི་རྒྱལ་ཁ་ཚེ་དབང་དྲག་རྒྱལ་ཞེས་རྫོང་བཞི་མངའ་བ་དེ།ལྕགས་ལ་དང་མགོ་ལོག་དབལ་ཤུལ་མཛོད་དགེ་སོགས་ཀྱི་དམག་ལག་མགོར་དཀྲིས་ནས་བཅོམ་མོ།།
2.གོང་མས་ཆུ་ཆེན་རབ་བསྟན་ཕབ་དགོས་དགོས་པའི་བཀའ་ཕབས་པའི་སྐོར།
དེ་ནས་ཡང་གོང་ནས་ལྷས་སྐྱོང་གིས་མེ་ཁྱི་ལོར་ཟི་ཁྲོན་ཙུང་ཏི་ཨར་ཐེ་ལ་རྒྱལ་རོང་རྒྱལ་ཁག་དགུས་ཆུ་ཆེན་བསྐོར་ནས་ཕམ་དགོས་བཀས་ཕབ་མོད།འོན་ཀྱང་།རབ་བརྟན་རྒྱལ་པོ་ཡང་མན་ཆེན་དང་ཆ་རྒྱུས་ཆེ་ཕྱིར།དེ་བསྟུན་གྱི་ཐག་པའི་ངོ་ཡ་ཐུ་གུས་བྱས་ཞེས་དཔེ་ལྟར།འཕྲང་དོག་ས།རི་བཙན་སའི་དགྲ་རྫོང་འཛིང་རག་ཇེ་བརྟན་ཇེ་རྒྱས་སུ་བཏང་བས།ཟས་དང་མཚོན་ཆ་སྒྲིག་ཞོར་དུ་རྒྱལ་ས་ཚ་བོ་མི་དབང་ནམ་མཁའ་ལ་སྤྲད།ཁྲོ་སྐྱབས་དང་གཉེན་ཉེ་བྱས།བཙན་ལ་དང་དཔུང་བསྒྲིགས་རྗེས།ཆུ་ཆེན་བསོད་ནམས་དབང་རྒྱལ་དུས་རིམ་གྱིས་དགེ་བཤེས་ཙ་དབང་དུ་བསྡུས་ཤིང་།བཙན་ལ་སེང་གེ་བཟང་བདག་ཆེན་གྱིས་ཀྱང་འོག་གཞི་རྒྱལ་པོ་དབང་དུ་བསྡུས་པའི་རྐྱེན་གྱིས།འོག་གཞིའི་རྒྱལ་པོ་སྟག་ལྷ་བྲོས་བྱོལ་གྱིས་ཟི་ཁྲོན་ཅུང་ཏིས་ལ་དམག་རོགས་ཞུས་ཏེ་བཙན་བདག་ཆེན་སེང་གེ་བཟང་དང་འཐབ་ཚེ་ཕམ་རྒྱལ་མེད་པར་གནས་པ་ལ།གོང་མ་ལྷས་སྐྱོང་གིས་དམག་ཤེད་དང་རྒྱུ་ཤེད་ཕུད་དེ་ཤེས་ལྡན་ཝན་ཧྥུ་དང་ཀེ་ལེན་གཉིས་དམག་དཔོན་དུ་བསྐོས།ཧྲན་ཞི།ཀེའུ་ཀྲོའུ།ཟི་ཁྲོན་ནས་ཁྲི་དམག་གཉིས་ཀྱི་དཔུང་མངགས་ལ་ལྕགས་ཡོས་ལོའི་ཟླ་བ8པའི་ཚེས7ཉིན་རོང་རྒན་ཞིང་ལས་བར་འཐབ་ཡུན་མེད་ཅེས།བཙན་ལ་བདག་ཆེན་རྒྱལ་པོ་ཤར་ལྷོ་བྱང་ནས་རྒོལ་བའི་ཚེ་ན།ཆུ་ཆེན་བསོད་ནམས་རྒྱལ་པོས་བཙན་ལའི་དཔུང་རོགས་སུ་བློན་དཀའ་ཐུབ་དང་དམག་བདུན་བརྒྱ་ཕུད་ནས་མན་ཆེན་དམག་དང་གཡུལ་ངོ་མང་པོ་བཤམས།ཇང་ཅུན་ཞའེ་ཙུང་སྟོང་དམག་གསུམ་དང་ལྷན་དུ་མ་བཅོམ་ནའང་།མང་སྣེ་ཉུང་གིས་མ་རྟེན་པར་ཆུ་འབྲུག་ལོའི་དགུན་བཙན་ལ་དང་འོག་གཞི་གཉིས་ཀྱི་ཡུལ་ཤོར་ཞིང་།སེང་གེ་བཟང་།སུམ་མདོའི་བོན་ཐར་སོགས་ཆུ་ཆེན་དུ་བྲོས་པའོ།།བཙན་ལ་བླངས་རྗེས།གོང་མས་ཝུན་ཧྥུ་མཐའ་བདེའི་དམག་བདག་ཞེས་པ་ལ་བཞག་སྟེ་ཆུ་ཆེན་ལ་དམག་འདྲེན་པའི་དམག་བདག་ཁང་བཙན་ལའི་ཆུ་གར་ན་ཡོད་པའི་སྟེང་དུ་ཆུ་ཆེན་བསོད་ནམས་དབང་རྒྱལ་བསྟན་པས་ཆུ་སྦྲུལ་ལོའི་ཟླ་བ་དྲུག་པར་འཇབ་རྒོལ་བྱེད་ཐེངས་གཅིག་གིས་དམག་བདག་ཝུན་ཧྥུ་བསད།ཁྲི་དམག་གཅིག་ཙམ་ཤི་རྨས་སུ་བཏང་།བཙན་ལའི་ཡུལ་སླར་འཕྲོག  སེང་གེ་བཟང་གིས་ཡང་རྒྱལ་ས་བཟུང་བའོ།།
3.གོང་མ་ལྷས་སྐྱོང་གིས་མཐའ་བདེ་ཞེས་པའི་སྐོར།
གོང་མས་སླར་ཡང་ཨ་ཀེ་མཐའ་བདེའི་དམག་བདག་ལ་བསྐོས་པར་མ་ཟད།རྒྱལ་སའི་སྒྱོག་དམག་སྟོང་གཅིག་དང་།ཧེ་ལོང་ཅང་།ཅི་ལེན།ཡུན་ནན།ཧྲན་ཞི།ཀན་སུའུ་སོགས་ནས་དམག་རྒོད་ཆིག་ཁྲི་ལྷག་ཁ་སྣོན་བྱས་ཏེ།ཕྱོགས་གསུམ་ནས་སླར་ཡང་ཚུར་རྒོལ་བྱེད་པའི་དམག་སྣ་བཙན་ལ་སེང་གེ་བཟང་གིས་མ་ལྡོག་པར་ཟླ་བ་བཅུ་གཅིག་པའི་ནང་བཙན་ལའི་ཡུལ་ཡང་བསྐྱར་ཤོར་སྟབས།སེང་གེ་བཟང་།དམག་བློན་སུམ་མདོའི་བོན་ཐར་དག་ནི་སྔར་ལྟར་ཆུ་ཆེན་དུ་ཡོང་བ་རེད།
4.ལྕགས་ཡོས་ལོའི་འཁྲུགས་ཆེན་ཞེས་པའི་སྐོར།
རབ་བྱུང་བཅུ་གསུམ་པའི་ཤིང་རྟའི་ལོ་འགོར་མན་ཆེན་གྱི་ཁྲི་དམག་མང་པོས་བཙན་ལ།དམ་པ།དགེ་བཤེས་ཙ་ཕྱོགས་གསུམ་ནས་ཆུ་ཆེན་གྱི་ལྷ་སྟེང་གཡུང་དྲུང་གླིང་དང་ཀྭ་ལེང་ཀ་ལ་གཡུལ་གྱི་དཔུང་བཤམས་པའི་ཚེ་ན།ཆུ་ཆེན་ནི།རབ་བརྟན་མི་དབང་ནམ་མཁའ་དང་།གྲགས་རྒྱལ་བསྟན་པ།བསོད་ནམས་དབང་རྒྱལ་གསུམ་གྱིས་ལོ་ཉི་ཤུའི་རིང་དུ་མི་མཐོ་ལུང་ཟབ་ཀྱི་ས་སྒང་རེ་རེ་ནས་བཙན་རྫོང་མང་པོ་བརྩིགས་ཏེ།མི་བཅུའི་སྟོང་འགོག་པའི་གྲ་སྒྲིག་བྱས་སྟབས།དེར་རྒོལ་བ་ནི་བཙན་ལའི་བཅུ་སྐོར་གྱི་བཀའ་ཡིན་པའི་ཕྱིར།ཆར་ཞོད་དང་མཚན་མོའི་དུས་སུ་འཇབ་རྒོལ་བྱེད་པ་ལས་ཐབས་མེད་པར་འཕྲང་རེར་ཟླ་རེ།རི་རེ་ལ་ལོ་རེ་བྱས་ནས་མི་ཤི་རྒྱུ་ཟད་ཀྱི་སྡུག་འཐབ་བྱེད་དགོས་པའི་དུས་སུ།འབྲུག་ཐར་ཞེས་པའི་བྱིས་པ་ཞིག་ཡོད་པའི་ཕ་རྒན་རབ་བརྟན་བསོད་ནམས་དབང་རྒྱལ་གྱིས་བསད་པའི་རྩོད་དོན་ཆུ་ཆེན་རྒྱལ་པོས་གསང་ལམ་གྱི་ས་ཁྲ་ཞིག་ཡོད་པ་དེ་ཨ་ཇང་ཇུན་ལ་ཕུལ་བས་གཟོད་ཆུ་ཆེན་ཕབ་ཐུབ་ཅེས་རྒྱའི་ཡིག་ཚང་ན་ཡོད་པ་ལྟར།ཤིང་ལུག་ལོའི་ཁྲུམས་ཟླའི་བཅོ་ལྔའི་ནུབ་མོར་རིམ་གྱིས་ལྷ་སྟེང་གཡུང་དྲུང་གླིང་གཏོར་ཞིང་།མེ་སྤྲེལ་ལོའི་མཆུ་ཟླའི་ནང་ད་གཟོད་ཆུ་ཆེན་བསོད་ནམས་དབང་རྒྱལ་གྱི་རྒྱལ་སར་གཏོར་ནས།རྒྱལ་པོ་བསོད་ནམས་དབང་རྒྱལ་དང་།གྲགས་རྒྱལ་བསྟན་པ།བློན་རྒན་བསྟན་པ་འོད་ཟེར།བླ་མ་བསྟན་འཛིན།ནམ་མཁའ་གཡུང་དྲུང་ཡེ་ཤེས་སོགས་སྐྱ་སེར་ཉིས་སྟོང་ལྷག་གིས་མགོ་བསྒུར་རོ།།དེ་ལ་ལྕགས་ཡོས་ལོའི་འཁྲུགས་ཆེན་ཟེར་བའོ།། དེ་ཡང་འཁྲུགས་པ་འདིའི་ཆེད་དུ་ཇུན་ཆེན་དར་ཞིང་རྒྱས་པའི་དུས་ཀྱི་གོང་མ་ལྷས་སྐྱོང་ཡང་ལོ་མང་པོའི་རིང་དུ་སྙིང་རླུང་སྟོད་དུ་འཚང་སྟེ།ཆུ་ཆེན་ཞེས་པའི་ཡུལ་གྲུ་ལག་མཐིལ་འདྲ་བ་ཞིག་འདུལ་ཆེད་རྒྱལ་ཡོངས་ཀྱི་དམག་གི་ཕྱེད་ཀ་མངགས།དེའི་འུ་ལག་གཅིག་པོར་མི་ཆིག་འབུམ་ལྷག་ཡོད་ཅིང་།འགྲོ་སོང་ལ་དངུལ་སྲང་བྱེ་བ་བདུན་བཏང་།དམག་མི་དྲུག་ཁྲི་ཙམ་ཤི་རྨས་སུ་སོང་།ཤེས་ལྡན་གཉིས་དང་།ཙུང་ཏི་གཅིག དྲག་དཔོན་སུམ་ཅུ་ལྷག་ཤི་བར་བརྟེན།གོང་མས་བདག་གི་རྒྱལ་སྲིད་ཀྱི་དམག་ལས་སུ།འདི་འདྲའི་ཆག་ཉེས་ཤིག་བྱུང་མ་མྱོང་ཞེས་ཆུ་ཆེན་ཕམ་པའི་རྡོ་རིང་དུ་བཀོད་པའོ།ཆུ་ཆེན་གྱི་འཁྲུགས་པ་ཞི་རྗེས།རྒྱལ་མོ་རོང་གི་བོད་ཀྱི་ཟློས་གར་དང་སེང་འཆམ་གྱི་སྲོལ་གཏོད་པ་ལ་གར་ཕྲུག་མང་པོ་བཅས་ཕོ་བྲང་དུ་ཁྲིད་དེ།ཡུལ་དེའི་གླུ་གར་ལྟ་བུ་གོང་མའི་གསེར་མཁར་ནའང་མེད་དོ་ཞེས་དེའི་མི་རྒྱུད་རྣམས་ད་ལྟའི་དར་དམར་སྡེ་བ་ཡོད་ཅིང་རྒྱལ་རོང་བ་ཡིན་པར་བཅས་རྒྱའི་དེབ་ཐེར་ན་ཡོད་པ་ལྟ་བུའོ།།སྤྱི་ལོ༼1264༽ལོར༼ཀྲེ་ཡོན་ཁྲི་ལོ་དྲུག་པ༽ཡོན་རྒྱལ་རབས་ཀྲུང་དབྱང་གིས་ཤོན་ཀྲང་ཡོན་ཞེས་པའི་ལས་ཁུངས་བཙུགས་ཏེ་རྒྱལ་ཡོངས་ཀྱི་ནང་པའི་དགོན་སྡེ་དང་།བོད་རིགས་ས་ཁུལ་རྣམས་གཅིག་གྱུར་དོ་དམ་བྱས།བོད་ཀྱི་མཐོ་རིམ་བླ་མ་དང་ས་གནས་ཀྱི་འགོ་གཙོ་རྣམས་ལ་གོ་ས་རྒྱུད་འཛིན་ཆོག་པའི་ཆོ་ལོ་བྱིན་འཇགས་བྱས་ཤིང་།སི་ཁྲོན་བོད་རིགས་ས་ཁུལ་དུ་ཐེངས་དང་པོར་བཀས་བཀོད་རྒྱུད་འཛིན་གོང་མའི་རྒྱལ་རབས་ཀྱིས་དངོས་སུ་ཆོ་ལོ་བྱིན་འཇགས་བྱས་པའི་ས་སྤྱོད་པ་འབོར་ཆེན་བྱུང་འདུག་པ་མ་ཟད།ད་དུང་བོད་རིགས་ས་ཁུལ་དུ་སྲོལ་བསྟུན་འཇམ་འགུགས་ཀྱི་དབང་བསྒྱུར་ཐབས་ཤེས་ལག་བསྟར་ཐོག་ནང་པའི་ཆོས་ལུགས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བཙུགས་ནས་ཆབ་སྲིད་ཀྱི་དབང་སྒྱུར་དང་ཆོས་ལུགས་ཀྱི་དམིགས་བསལ་ནུས་པ་ཟུང་དུ་འབྲེལ་བྱས་པས།མིང་རྒྱལ་རབས་དང་ཆིང་རྒྱལ་རབས་གཉིས་ཀྱང་ཡོན་རྒྱལ་རབས་སྲོལ་རྙིང་གི་རྗེས་སུ་འབྲང་བར་མ་ཚད།ད་དུང་ཆོ་ལོ་བྱིན་འཇགས་བྱས་པའི་སྤྱོད་པ་དེ་བས་མང་བ་བྱུང་འདུག དཔེར་ན།རྒྱལ་མོ་རོང་ལ་དྲེགས་པ་བཅོ་བརྒྱད་དེ།རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་དེ་རྣམས་ལ་རེ་རེ་ནས་ཐོབ་འོས་ཀྱི་གོ་ས་རྒྱུད་འཛིན་ཆོག་པའི་ཆོ་ལོ་བྱིན་འཇགས་བྱས་པའོ།།
 

  • ལེ་ཚན་སྔོན་མ།:རྒྱལ་རོང་བ་བོད་རིགས་ཡིན་པའི་སྐོར།
  • ལེ་ཚན་རྗེས་མ།:རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས།