ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།(4)

ཐུབ་བསྟན་ཕུན་ཚོགས།        2010-09-08


       བཅུ་གཉིས་པ།    ནམ་ཕར་ཚུར་གྱི་ཞལ་ལྕེ་ནི།   དཔེར་ན་ཁྱིམ་མཚེས་ཕན་ཚུན་རྟ་བོང་དང་གླང་བུ་གཡར་རེས་བྱས་པར།  ཉི་མ་རྒས་མཚམས་ནས་བདག་པོའི་ལག་ཏུ་འཕྲོད་ཀྱང༌།  ནམ་ཕྱེད་ཡན་ལ་ཤི་ན་གཡར་མཁན་ལ་ཕར་ཐོགས་པ་དང༌།  ལེ་ལན་ཡོད་པས་ཕྱེད་རིན་གྱི་འཆར་བྱེད་པ་ཡིན་ནོ། 
        བཅུ་གསུམ་པ།   དཔའ་བོ་སྟག་གི་ཞལ་ལྕེ་ནི།   ཕན་ཚུན་མི་ནོར་གྱི་ཁ་ཟིན།   བར་དུ་འཇོག་ཆེན་པོ་དང་འཁང་ཆེན་པོ་ཡོད་པ་བྱས།  གཤེད་འཐེན་གྱིས་སྤྱོད་དཀའ་བ་རྣམས་ལ་གཤགས་ཐོ་གོ་རྗེས་ཀྱི་རང་མཚམས་རག་པས་བསླུས་པ་རེ་བླངས་ནས།  མཚམས་པ་གཏོང་བ་མཁས་པའི་ལུགས་ལ་ཡོད་པ་བཞིན་ལགས་སོ།   ། 
 
          བཅུ་བཞི་པ།   སྡར་མ་ཝའི་ཞལ་ལྕེ་ནི།   དཔེར་ན་མི་གཅིག་གིས་སྔར་རྐུན་མ་བརྐུས་པ་ལ།  རྗེས་ནས་ཁོ་རང་འགྱོད་དེ་གནོང་ངོས་བླངས་པའི་འབབ་ཤེས་བྱ་བའམ།  ནོར་བདག་གིས་བཙུགས་མ་ཐོག་ལ་བབ་བྱུང་ན།  རྐུན་མ་འབབ་ཤེས་འདབས་ཀྱི་བུ་ལས་ལྷག་བྱ་བ་ཡིན་པས།  རིན་སྐྱིན་ཚབ་གསུམ་མ་གཏོགས་ལྷག་པོ་མི་འགེལ། 
        བཅོ་ལྔ་པ།   ཁྲིམས་འདེགས་བབ་སྨྱུག་གི་ཞལ་ལྕེ་ནི།   འཇིག་རྟེན་རྒན་པོའི་ངག་ལས་ཀྱང༌།  ཁྲིམས་འདེགས་བབ་སྨྱུག་ཚོགས་ཆས་ཞེས་པ་རྣམས་བློན་པོ་མགོས་པ་གཞོན་ནུས་ཟ་འདོད་བྱས་པ།  ཕྱིས་སྲོལ་ལ་ཤོར་བ་ཡིན་ཞེས་ཐོས་ནའང༌།   མི་བསད་པ་དང༌།  རྩོད་གཞི་ཐམས་ཅད་ལ་ཚིག་སྔ་ལམ་སྔ་གཉིས་ཀ་ལག་དམར་པོས་བྱས་ན་ཁྲིམས་འདེགས་སམ་སྐུ་རྒྱལ་གྱི་སུམ་གཉིས་དང༌།  བབ་སྨྱུག་གི་སུམ་གཉིས་ལག་དམར་པོ་ལ་འགེལ།  མི་བདག་ལ་སུམ་ཆ་འགེལ།  ཁ་ལག་གཉིས་ཀ་ལས་ལྡོག་ན་ཕྱི་མ་བྱེད།   བབ་ཁ་མཆུའི་བཞི་ཟུར་དང༌།  སྨྱུ་གུ་མཆུ་རིན་བབ་ཀྱི་བཞི་ཟུར་ཡིན་པ་སྨར་དུ་འབེབས།  ཡང་བར་མིའི་ཐོབ་ཐང་ལ་གྲ་ཕུད་དང༌།   སྣ་ཕུད།  བཅུ་ཁ་ལོན་པ་སོགས་དོན་གཅིག་ལ་མིང་འདོགས་མི་འདྲ་བའི་ཟ་སྒོ་ཡང་ཡོད་དེ། 
མཚམས་ཡིག་གཏོང་དུས་འགྲམས་ཆེ་ཆུང་ལ་དཔགས་པའི་ཁ་ཤ་ཆང་འོས་བབ་བསྡུས་པའི་ཕྱེད་མཚམས་དཔོན་བར་པས་བསྡུས།  དེ་ལྷག་དྲུག་ཟུར་ཁག་ཁུར་བས་ཟ།   དྲུག་གཉིས་དོར་བདག་ལ་སྤྲོད།  དྲུག་གཅིག་ཡིག་མཁན་གྱིས་ཟ།   འདི་རིགས་ལ་མི་སྣ་བཏང་ན་ཚོགས་ཆས་ཟེར།  མི་སྣ་མེད་པའི་དཀྱུས་མ་ལ་ཁ་ཤ་ཆང་ཟེར་བ་དོན་གཅིག་གོ།  ཚོགས་ཆས་དང་གྲ་ཆས་གཉིས་དོན་གཅིག་པས་ནམ་ཚོགས་རེས་ཀྱི་སྡུད་འཁྱེར་བྱེད་པ་སྲོལ་ལུགས་ཡིན།  ཞེས་སོགས་བབ་སྨྱུག་ཐོབ་ལུགས་སྐོར་གྱི་འགྲེལ་བཤད་རྣམས་མང་བས་དེ་ཙམ་གྱིས་བསྡུས་སོ།  འདིར་བབ་སྨྱུག་རྩེས་ཚད་ས་བཅད་ཚོད་ལ་ཟེར།  ཞེས་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་འགྲེལ་པ་དང་བཅས་པ་འདི་ནི་ཕག་གྲུ་སྡེ་སྲིད་སྐབས་ཀྱི་དབང་སྒྱུར་གྲལ་རིམ་གྱི་ངོ་བོ་དང༌།     སྤྱི་ཚོགས་ཀྱི་རྣམ་པ།   བསམ་བློའི་གོ་རྟོགས་སོགས་གང་འདྲ་ཞིག་ཏུ་གནས་ཡོད་པ་ཤེས་པར་བྱེད་པ་ལ།     མེ་ལོང་ལྟ་བུའི་དཔྱད་གཞི་ཞིག་ཏུ་སྣང་བས་འདིར་ཇི་བཞིན་པར་བཀོད་ཡོད་ཅིང༌།  འདིར་ཞལ་ལྕེ་བཅུ་གསུམ་པ་དཔའ་བོ་སྟག་གི་ཞལ་ལྕེ་དང༌།  བཅུ་བཞི་པ་སྡར་མ་ཝའི་ཞལ་ལྕེ་གཉིས་ཀྱི་ཁ་བྱང་དང་འགྲེལ་བཤད་གཅིག་མཚུངས་བྱུང་མེད་པ་ལྟ་བུར་སྣང་བས་དཔྱད་པར་བྱའོ།  །  སྤྱིར་དཔའ་བོ་སྟག་གི་ཞལ་ལྕེ་ཞེས་པ་ནི།   དགྲ་འདུལ་གཉེན་སྐྱོང་གི་ལས་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྡན་པའི་དཔའ་བོ་ལ་གཟེངས་སུ་བསྟོད་པའི་རྟགས་སུ་སྟག་ལྤགས་ཀྱིས་བརྒྱན་དགོས་པའི་ཁྲིམས་ལུགས་ཤིག་དང༌།  སྡང་བའི་དགྲ་ལ་ཡ་ལན་ལྡོན་མི་ནུས་པ།  མགོ་སྒུར་ཞིང་ཕ་མེས་ཀྱི་བླ་རུས་འཚོང་བའི་རིགས་ལ་དམའ་འབེབས་པའི་རྟགས་སུ་ཝ་མོའི་གཞུ་གུ་འདོགས་དགོས་པའི་ཁྲིམས་ཤིག་ཏུ་གོ་དགོས་པར་སེམས་ཏེ། 
ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ལུགས་ལས།  ཕྱག་རྒྱ་དྲུག་དང༌།   རྐྱེན་དྲུག དཔའ་མཚན་དྲུག་སོགས་བཤད་པའི་སྐབས་སུ་འདི་ལྟར་དུ་འཁོད་ཡོད།  《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   རྐྱེན་དྲུག་ནི།   དཔའ་བའི་རྐྱེན་དུ་གུང་དང་སྟག
སྡར་མའི་རྐྱེན་དུ་ཝ་གཞུག  ཡ་རབས་ཀྱི་རྐྱེན་དུ་ལྷ་ཆོས་ཞེས་སོགས་གསུངས་པ་དང༌། 
ཡང༌།   དཔའ་མཚན་དྲུག་ནི།   སྟག་སྟོད་སྟག་སྨད་གཉིས།  ཟེར་ཆེན་ཟེར་ཆུང་གཉིས།   གམ་རས་སྟག་སློག་དང་དྲུག་གོ།  ཞེས་སྟག་སློག་དང་ཝ་མོའི་གཞུ་གུ་ནི་དཔའ་བོ་དང་སྡར་མ་དབྱེ་བ་འབྱེད་བྱེད་ཀྱི་རྟགས་སུ་གཏན་འབེབས་གནང་ཡོད། 
 
  • ལེ་ཚན་སྔོན་མ།:བཞི། ཕག་གྲུའི་སྡེ་སྲིད་རིམ་བྱུང་གི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།