ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།(3)
ཐུབ་བསྟན་ཕུན་ཚོགས། 2010-09-08
གཉིས་པ། རྨས་པ་ཁྲག་གི་ཞལ་ལྕེ་ནི། སྔོན་གྱི་དུས་ན་མི་རབ་ཁྲག་ལ་ཐིགས་ཞོ་དང༌།
མི་འབྲིང་ཁྲག་ལ་ཐིགས་སེ་དང༌། མི་ཐ་ཁྲག་ལ་ཐིགས་བྲེ་ཟེར་བ་གཅིག་གྲགས་གདའ་ནའང༌། ད་ཙ་ན་འཐབ་རྩོད་བྱུང་བའི་རྩ་བ་ལ་བདེན་པ་ཆེ་ཆུང༌། རྨས་ཚབས་ཆེ་ཆུང་མཐའ་ཆོད་བྱས་ཏེ། ཤ་རྒྱབ་ཏུ་ནས་ཁལ་གཉིས་མའི་ཤུལ་དུ་དཀར་ཤ་རེ། མར་ཉག་ལྔ། ཚྭ་བྲེ་རེ། མར་ཁུ་ཕུལ་དོ་ཙམ་ལ་ལྷུ་བླངས་ནས། རྨས་གོས། ཁྲག་གདན། རྒྱལ་དང་བཅས་པ་ཇི་ལྟར་འོས་རིགས་པས་གཅོད། རྨས་ཚབས་ཆེ་བས་ན་ཡེ་ཤེས་ཀྱི་ལྡབ་ལ་སྨར་ཟོང་ཕྱེད་མར་གཅོད་པའི་ལུགས་ཡིན་ཡང་རྨས་ཚབས་ཆེ་བ་ལ་མི་གྲངས་སོགས་དགོས་པ་བྱུང་ན། རྨས་གོས་ཁྲག་གི་གདན་ཇི་ལྟར་འོས་པའི་སྟེང་དུ་ཐུན་གསུམ་གྱི་མེ་ཤུལ་དུ་ཞོ་དང༌། དྲག་ཤུལ་དུ་སྲང༌།
རུས་པ་ཐོན་པ་གསེར་དངུལ་གྱི་རྒྱབ་སྐོར་བྱེད་པ་དང༌། རུས་པ་རེ་ལ་ཐུན་གསུམ་རེ་བྱེད་པ་ལུགས་གཉིས་ཡོད་པ་ཁྲིམས་ལུགས་ལྟར་བྱེད་ཅིང༌། རྒྱལ་ཤ་ཆང་གི་གྲངས་ཀ་དང༌། ཟོང་གི་རྣམ་གྲངས་མང་ཉུང་གང་དགོས་རིགས་པས་གཅོད། དེ་ལའང་རིན་ལ་མི་འཆམས་པས།
ཤ་ནི་གསུམ་ནལ་མ། ཆང་ཁལ་ཕྱེད་མ། ཀོ་ལེ་ཞོ་རེ་མ། པང་ཁེབ་གསུམ་ནལ་མ། སྟན་སྲང་ཕྱེད་མ། གཟིག་ཞོ་མ། གུང་ཞོ་རེ་མ་ཙམ་གཅོད་དགོས། གསུམ་པ། བརྐུས་པ་འཇལ་གྱི་ཞལ་ལྕེ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་ཉིད་ཀྱིས། བརྐུས་ན་བརྒྱད་འཇལ་དངོས་དང་དགུ་འདེད་དོ། ། ཞེས་བྱ་བ་གསུངས་ནའང༌། ད་ཙ་ན་སྡེ་སྲིད་མི་གཅིག་པའི་ས། གཞན་གྱི་ས་ནས་ཇག་བརྒྱབ་པ་ལྟ་བུ་ལ་བདུན་འགྱུར་ངོས་བརྒྱད་དམ་འདྲ་བཞི་ངོས་ལྔ། སྡེ་སྲིད་གཅིག་པའི་ས། གཞན་གྱི་ས་ནས་བརྐུས་པའི་འཇལ་ཆེ་བ་ལ་འདོགས་གསུམ་དངོས་དང་བཞི། ཆུང་བ་ལ་སུམ་འདོགས་བམ། སྐྱེ་འཁྲིད་ཆག་གསུམ་མོ། ། རྒྱལ་འདོགས་དངོས་དང་གསུམ་ཞེས་པ་དོན་གཅིག་ལ་མིང་འདོགས་མི་འདྲ་བའི་གཅོད་རྒྱ་བྱེད། ཁྱིམ་མཚེས་ཕན་ཚུན་རྐུ་རེས་བྱས་པ། དངོས་པོ་གང་ཡིན་དེ་འགུལ་འདོགས་རྒྱལ་འོས་རིགས་དང་བཅས་པས་བཅད་ནས། རྫས་ངོ༌།
ནོར་ངོ༌། མིང་ངོ་སོགས་ཀྱི་ཕྱིར་མི་གཏོང་བར་ཁྲིམས་གཞུང་སྲོང་བ་གལ། དེ་ལྟར་རྐུ་འདོགས་ཀྱི་རིམ་པ་སྐབས་ཐོབ་དང་སྦྱར་བ་བཅས་པའི་སྟེང་ནས། ངོ་ཚ་སྤྲད་རིན་འདི་བྱིན་བྱ་བའི་གུང་ཕུད་ཀྱི་ཆར་ཡང་བྱེད་དགོས། དགེ་འདུན་གྱི་སྤྱི་རྫས་བརྐུས་པ་ལ་གནས་དབྱུང་ལྟ་བུ་དང༌། དཀོན་མཆོག་གི་དཀོར་རྫས་བརྐུས་པ་ལ་བརྒྱད་ཅུ་འཇལ་དང༌། སྡེ་དཔོན་གྱི་གན་མཛོད་ནས་བརྐུས་པ་ན་ཁས་དྲག་གི་དགུ་བཅུ་འཇལ་དང༌། ཡང་ན། མིག་སྒྱིད་ལག་གསུམ་ལ་བབས་པ་སོགས་མང་ངོ༌།
བཞི་པ། བསྙོན་འདོར་མནའ་བསྒག་གི་ཞལ་ལྕེ་ནི། སྤྱིར་མནའ་ཆུང་ཡང་བ་མོ་ཙམ།
བ་མོ་ཆུང་ཡང་ལྷམ་སྤངས་ཞེས་པ། མནའ་མི་རབས་ཀྱི་གཅོང་རྡོར་བཤད་ཀྱང༌། ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་ཉིད་ཀྱི་རྫུན་བྱས་པ་ལ་མནའ་སྒོག་གོ། ཞེས་ཡིན་མིན་གྱི་མ་ཚང་བ་བྱུང་ན། ཡུལ་ལྷ་བསྟན་སྲུང་དཔང་དུ་བཙུགས་ནས། མནའ་བྱེད་པར་གསུངས་འདུག་པས།
ཁྲིམས་གོ་བ། ཁེ་ཉེན་རྟོགས་པ། འདྲ་བདེན་དཔང་དུ་བཙུགས་ནས་ཡིན་ཐོག་ཏུ་ཡིན་འཇོག་པའི་གཤགས་ཐུབ་དོན་ཐུབ་ཀྱི་བདེན་བཤགས་གཏོང་བ་ན། ཁྲིམས་ལུགས་ལ་སེམས་རྩེ་བཟུང་ནས། ཕོ་ཚིག་དང་ཧམ་པའི་འགལ་གཤགས་བསྙོན་ཚིག་ཁ་མཁྲང་བྱེད་པ་ལ་མནའ་ཁ་མ་ཕྱེད་པར། གཉིས་ཕྱོགས་སྦོལ་བགོས་ འདྲ་མཉམ་ བྱས་ན་བཟང་པོ་དེ་ཡིད་ཆད། ངན་པ་དེ་བྱུར་ལ་ངོ་སོ་ཁྱེར་ནས་སེམས་ཆེར་སྐྱེ་བས། དཀར་མི་བཟུང་ཐུབ། བསྡུས་པའི་མནའ་ཁ་བྱེད་ཅེས་ཀྱང་དགོས། རྫུན་འགོང་སྤངས་ཏེ་མནའ་འཕྲང་དོག་པས། བདེན་རྫུན་ཤེས་ཡོང༌། མནའ་སྒོག་པའི་དཀར་མི་ལ་སྤང་བྱ་བཞི་དོར་ནས་དཀར་མི་བསྡུ་དགོས་པ་ཡིན་ཏེ། སྤང་བྱ་བཞི། 1. གསེར་བྱ་ངང་བ་འདམ་ལ་མི་འཛིན་ཟེར་བ་དེ་བཙུན་པ་ལ་མནའ་མ་སྒོག་ཟེར་བ་ཡིན། དེའི་རྒྱུ་མཚན་བཙུན་པ་ཡུལ་གཉན་པ་ཡིན། མནའ་བཙུན་པའི་སྤང་བྱ་ཡིན་པས་ལག་འཇུ་ལ་བསྡུ་མི་ཉན། 2. གཡུ་ཆུང་དྲུག་དམར་བསྟར་ལ་མི་རྒྱུ་ཟེར་བ་དེ་བུ་ཚ་ལ་མནའ་མ་སྒོག་ཟེར་བ་ཡིན། དེའི་རྒྱུ་མཚན་ནི་བུ་ཚས་ཁེ་ཉེན་མ་རྟོགས་པས་མནའ་ཟ་ལ་ཉེ་བས་ལག་འཇུ་ལ་བསྡུ་མི་ཉན། 3. བྱ་རོག་ནག་པོ་རྙི་ལ་མ་འཛིན་ཟེར་བ་དེ་བུད་མེད་ལ་མནའ་མ་སྒོག་ཟེར་བ་དེ་ཡིན། བུད་མེད་མཛའ་བོའི་ཕྱིར་དུ་མནའ་ཟ་བ་ལ་ཉེ་བས་ལག་འཇུ་ལ་བསྡུ་མི་ཉན། 4. དུག་སྦྲུལ་ནག་པོ་རྙི་ལ་མ་འཛིན་ཟེར་བ་དེ་ནི་སྔགས་པ་ལ་མནའ་མ་སྒོག་ཟེར་བ་དེ་ཡིན། དེའི་རྒྱུ་མཚན་སྔགས་པས་རྫས་སྔགས་དང་མནའ་སེལ་ཤེས་པས་མནའ་ཟ་བ་ལ་ཉེ་བས་དེ་རྣམས་ལག་འཇུ་ལ་སྤང་དགོས་སོ། ཞེས་སོགས་མནའ་བསྒག་ཚུལ་མི་འདྲ་སྣ་ཚོགས་ཤིག་བསྟན་འདུག་ཀྱང་ཚིག་ཚོགས་མང་བས་འདིར་མ་བཀོད།
ལྔ་པ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ་ནི། སྔོན་རྒྱ་གར་དུ། མཐུན་འཛག་བུ་ཡིས་བདག་གིར་བྱེད། ། བགྲོད་མིན་བགྲོད་འདོད་བྱེད་པ་ཡིན། ། ལོག་པ་དབེན་པ་རྣམ་པ་བཞི།
། ཞེས་པ། གཞན་གྱི་ཆུང་མ་དང༌། མའམ་སྲིང་མོ་དང་འབྲེལ་བའི་ཕྱོགས་ལ་བྱི་བྱས་པ་ལ།
ཡན་ལག་གི་ཕྲན་བཅད་ནས། ཡུལ་གཞན་དུ་སྤྱུགས་པར་བཤད་ཀྱང༌། ད་ཙ་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་ཉིད་ཀྱིས། འདོད་ལོག་སྤྱད་པ་ལ་རིན་འདེད་དོ། ། གསུངས་གདའ་བས། གཞན་གྱི་ཆུང་མ་ལ་བྱི་བྱས་པ་ལ། རླིག་ཞོ། གྲ་ཕུད། རྩེ་དར་རྣམས་གཅོད་པ་འདི་གཅོད་པ་གྲགས་ཆེ་བས་འདི་ག་གཞི་འཇོག་བྱེད་དགོས། ཡང་བཟའ་མི་ངན་གྲོས་བྱས་ནས་གཞན་མ་དྲན་རྒྱས་བཀུག་ན་ཉེས་པ་དང་བྱི་འཇལ་ཕྱིར་སློག་པའི་ལུགས་ཡིན།
དྲུག་པ། བྱེ་བྲལ་མཐུན་སྡེབས་ཀྱི་ཞལ་ལྕེ་ནི། ཕན་ཚུན་བག་མ་གཏོང་ལེན་བྱས་པ།
མཐར་འབྲལ་བ་ལ་གྱར་དུས་བོར་ཆ་ཟེར་བ་གཅིག་བྱུང་འདུག་པ། ཐོག་མར་སུ་བདེན་མཐའ་ཆོད་པ་བྱས་ཏེ། ཕོས་བོར་ན་མོ་ལ་བོར་ཆ་སྨར་གྱི་ཞོ་གང༌། ལ་ལ་སྨར་ཟོང་གི་ཞོ་བཞི་ཟེར་བའང་འདུག མོས་བོར་ན་ཕོ་ལ་བོར་ཆ་ཐུན་གསུམ་གྱི་སྲང་གང་སྤྲོད་དགོས་པ།
སྔོན་གྱི་གནའ་མི་རྣམས་ཀྱིས་ཕོས་བོར་ཞོ་གང༌། མོས་བོར་སྲང་གང་ཞེས་བྱ་བ་གསུངས་འདུག་པ་འདི་ག་ལེགས་པ་འདུགཡང༌། ཕན་ཚུན་གཉིས་ཀར་བོར་ཆའི་ལབ་བརྗོད་མི་བྱེད་པའི་ལུགས་གཅིག་ཡོད། ཡང༌། ཕོ་ནོར་འཕེལ་མེད་དང་མོ་ནོར་གྱོང་མེད་ཟེར་བའང་འདུག
ཡང༌། བུད་མེད་ལ་གོ་ལག་ཟད་རིན་ནི། གཡོག་གླ་ལ་ཉི་མ་རེ་ལ་སྨར་ཟོང་ཕྱེད་མའི་བྲེ་དོ་མ་ཀུན་ལ་གྲགས་ཆེ་བས་གཞན་མ་མི་ཆེ་ཆུང་ལ་གླ་ཐང་མཐོ་དམན་ལེན་པའང་ཡོད།
ཕན་ཚུན་གཉིས་ཀས་མཐུན་ནས་སྤྲོད་ལེན་བྱེད་དགོས། ཡིག་རྟེན་ཟེར་བའི་འཆར་གཅིག་འདུག་པ་ཡང༌། ཁྲིམས་མཐུན་ཡོད་རིགས་སྤྲོད་རྟིང་ཆོད་ཡིག་སྟེར་བ་འཇིག་རྟེན་པར་སྲིད་སྲོལ་ཡོད་པས་དེ་འདྲའི་འཆར་ཡང་བྱེད་དགོས།
བདུན་པ། འགྲོས་འདེད་ལེ་ལན་གྱི་ཞལ་ལྕེ་ནི། མཚམས་བྱེད་མཁན་གྱི་མིས། ཉིན་གསུམ་མཁས་པའི་མི་ལ་འདྲི། མཚན་གསུམ་བསམ་མནོ་ལེགས་པར་བཏང་ནས་ཕན་ཚུན་རྩོད་པའི་གྱོད་བྱུང་ཚུལ་ལན་རྩ་ག་ན་འདུག་བལྟ་བ་གལ་ཆེ། ལན་གྱི་རྩ་བ་འཇལ་གྱི་གསུམ་གཉིས་ཟེར་བའང་ཡོད། གྱོད་ལེ་ལན་གྱི་རྩ་བ་ལ་ཁ་མཆུའི་བཞི་ཟུར་བྱ་བའང་ཡོད། བྱ་དང་རྡོའི་དཔེ་དང་འདྲ། དེའི་རིགས་ལ་ཕན་ཚུན་སེམས་གཙང་མའི་ཆོད་མདོ་འདྲ་བྱ་སྟེ།
གྱོད་ཅན་ལ་འབའ་སྡུད་རེ་ཨེ་བྱེད། མི་བྱེད་ན་ཁྲིམས་བདག་ལ་ཞུས་ནས་བརྡ་འདེད་གཏོང་ཟེར་བ་འདུག
བརྒྱད་པ། དམའ་ཕབ་ཡུས་ཀྱི་ཞལ་ལྕེ་ནི། དཔེར་ན་མི་མངོན་སུམ་སུ་ཁ་ཕབ་པའམ།
ཤེད་ངོམས་ཀྱིས་ཁ་ལ་བརྒྱབ་པའམ། བཀས་བཏགས་བཅས་སོ་འཕྲོགས་པ་ལྟ་བུ་ལ། མི་མངོན་སུམ་དུ་དམའ་ཕབ་པ་ཡིན་པས་ཆང་འདྲེན་པུས་འཛུགས་གང་རེགས་གཅོད་དོ། །
དགུ་པ། སྤུས་འདོད་ཚོང་གི་ཞལ་ལྕེ་ནི། ཕན་ཚུན་ཉོ་འདོད་འཚོང་འདོད་ཀྱི་མཚམས་སུ་རིན་རྒྱག་བྱེད་པ་ལ། ཐོག་མར་ཞོ་ཐག་གཅད་པར་བྱ་སྟེ། ནས་ལ་ནས་ཁལ་བརྒྱད་མ་ལ་སྨར་ཞོ། ཚྭ་ལྕགས་ཁལ་གཉིས་མ་ལ་ཁྲག་ཞོ། ཟོང་ཁལ་བརྒྱད་མ་ལ་ཟོང་ཞོ། མར་ཁལ་གསུམ་ཉག་ལྔ་ལ་མར་ཞོ། ཇ་ཉག་བཞི་མ་ལ་ཇ་ཞོ། དངུལ་སེ་བཞི་མ་ལ་དངུལ་ཞོ་སྟེ། དངུལ་ཞོ་དྲུག་མ་ལ་གསེར་ཞོ། གསེར་དང་དངུལ་ལ་དྲུག་ལྡབ་ཀྱི་ཁྱད་བྱེད་པ་ཡིན་པས། ཉོ་ཚོང་གང་བྱེད་ཀྱང་ཕན་ཚུན་འོས་ཚོད་བླངས་ནས། རིན་སྤུས་གང་འོས་དང༌། ཞོ་གྲངས་ཁལ་གྲངས་གང་འོས་རིགས་པས་དཔྱད་ནས་བྱེད་པ་ཡིན་ནོ།
བཅུ་པ། ལྷག་ཆད་རྩིས་ཀྱི་ཞལ་ལྕེ་ནི། སྔོན་གྱི་གནའ་མི་རྣམས་ཀྱིས་རྩིས་ནོར་ལོ་གསུམ་སོང་ཡང་བྱེད་ཅེས་བྱ་བ་གསུངས་གདའ་བས། བུ་ལོན་གཏོང་ལེན་བྱེད་པའམ། དཔྱད་པ་ཉོ་ཚོང་བྱས་པའི་ལྷག་ཆད་ལ་མ་འཆམས་ནས། རྡེ ་ཕད་བུད་དུ་བཤས་ཏེ། ཕན་ཚུན་ཡིད་ཆེས་པའི་རྩིས་ངེས་པར་བྱེད་དགོས།
བཅུ་གཅིག་པ། ལ་ལྟག་རྒྱབ་ཀྱི་ཞལ་ལྕེ་ནི། དཔེར་ན་ལ་ཕར་རྒྱབ་ནས་ཇག་བརྒྱབ་པ་རྗེས་སྙེགས་འཕྲོད་དེ། ཕན་ཚུན་གཤེར་མལ་བྱེད་པའི་ཚེ་བར་དུ་བོར་ཟོག་བྱུང་བ་རྣམས་ལ་མ་འཆམས་ན། སྟོང་འགོང་གཤམ་སྤྲོད་ཀྱི་མནའ་སྐབས་འདིར་བབ་པས། ནོར་བདག་གིས་འདི་ཚུན་ལ་འཐོར་འདི་ལས་བྱུང་རེ་ཟེར་བ་བྱས་དག་སྐྱེལ། ཇག་པས་ཀྱང་ངེད་ཀྱི་ལག་ཏུ་རི་ཚུན་ལ་འདི་ལས་བྱུང་རེ་ཟེར་བ་བྱས་ནས། ཕན་ཚུན་ཡིད་ཆེས་ཀྱི་དག་པ་རྗེས་ལེན་བྱས་ནས།
མ་འཆམས་པ་སྦོལ་བགོས་ཞེས་བྱ་བ་སྐབས་འདིར་འཇིག་རྟེན་རྒན་པོས་གསུངས་པས།
རྩོད་པའི་གཞི་ལ་སྦོལ་བགོས་བྱས་ཏེ་ཕྱེད་ནོར་བདག་གིས་གུད་འཁུར། ཕྱེད་ཀྱི་འདེགས་རྒྱལ་ཇག་པས་སྤྲོད་དགོས་པ་འཇིག་རྟེན་མཁས་པའི་ལུགས་ལ་ཡོད་དོ།