ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།(2)
ཐུབ་བསྟན་ཕུན་ཚོགས། 2010-09-08
དང་པོ། བསད་པ་སྟོང་གི་ཞལ་ལྕེ་ནི། ཧོར་ལུགས་དང་བོད་ལུགས་གཉིས་ལས།
ཧོར་སྲོག་ཚབ་ཏུ་སྲོག་གཏོང་བས་མི་ཤ་ལེན། བོད་དུ་ཆོས་དར་ཞིང་ཆོས་ལ་དཀར་བས་སྲོག་ཚབ་ཏུ་སྲོག་བཏང་ན་གཉིས་ཕུང་སྡིག་པའི་རྩ་བར་འགྲོ་བས་སྟོང་འཇལ་ལེན་བྱེད་པ་ལེགས་ཟེར་ནས། དེས་ན་སྐལ་པ་སྟོང་བས་སྟོང་ཞེས་བྱ་བ་བྱུང༌། དེས་ན་སྔོན་གྱི་དུས་ནི་དྲག་པ་ལ། འཇལ་སྲང་སྟོང་དང་ཞོ་སྟོང་དུ་སྤྲོད་པས་ན་སྟོང་ཞེས་བྱའོ། ཁག་ཁུར་གྱི་ངོ་ཆེན་དང་ཟུར་པའི་ངོ་ཆེན་ལ་ཞི་ཆག་གཏོང་དགོས་པ་ཡོང་བས་ན་སྟོང་ཞེས་ཟེར། དེས་ན་སྟོང་ཞེས་བྱ་བ་སྟོང་པ་ཡིན་པས་ན། སྟོང་ལེན་ཕྱུག་པོར་སོང་བའང་མེད། སྟོང་འཇལ་སྤྲང་པོར་བུད་པའང་མེད། བྱ་བ་འདུག་པས། རོ་དོད་མཉམ་གྱི་འཇལ་ཡིན་པས་ན་རོ་དོད་ཅེས་ཀྱང་བྱ་སྟེ། སྟོང་དང་རོ་དོད་དོན་གཅིག་པས། མི་དྲག་ཞན་དཔགས་པའི་སྟོང་སྤྱོད་ལུགས།
ས་སྐྱ་པཎྜི་ཏས། རྟ་བརྒྱ་གླང་སྟོང་མི་ཁྱད་འབུམ། ། ཡོན་ཏན་ཅན་ལ་བརྗོད་དུ་མེད། །
བྱ་བའང་གསུངས་འདུག་ཅིང༌། འཇིག་རྟེན་རྒན་པོའི་ངག་ལས་ཀྱང༌། ། སྟོད་ཡ་རྩེ་རྒྱལ་པོ་ཧོར་གྱིས་བསད། ། སྤུར་དང་གསེར་ལ་མཉམ་འདེགས་བྱས། ། སྨད་གེ་སར་རྒྱལ་པོ་ལྡན་མས་བསད། ། ད་དུང་སྟོང་གཞུག་འཕྲོད་པ་མེད། ། ཅེས་དང༌། ཡ་ཕོ་མགར་བ་ཤན་པ་གསུམ། ། བསད་ཀྱང་སྟོང་ལ་དྲེས་ཐག་གཅིག ། ཅེས་བྱ་བ་གསུངས་གདའ་བས། དུས་དེ་ཙ་ན། མི་ཕལ་པ་རང་ག་བའང་རབ་འབྲིང་ཐ་གསུམ་ལས། རབ་ལའང་རབ་ཀྱི་རབ། རབ་ཀྱི་འབྲིང༌།
རབ་ཀྱི་ཐ་མ་དང་གསུམ། འབྲིང་ལའང་འབྲིང་གི་རབ། འབྲིང་གི་འབྲིང༌། འབྲིང་གི་ཐ་མ་དང་གསུམ། ཐ་མ་ལའང་ཐ་མའི་རབ། ཐ་མའི་འབྲིང༌། ཐ་མའི་ཐ་མ་དང་གསུམ་ཡོད་པ་ལས། རབ་ཀྱི་རབ་ལ་བརྒྱ་དང་བཅུའམ་བཅོ་ལྔ་སྐོར། དེ་འོག་རབ་ཀྱི་འབྲིང་ལ་སྟོང་སྲང་དགུ་བཅུ། དགུ་བཅུ་གོ་ལྔ་སྐོར། དེ་འོག་རབ་ཀྱི་ཐ་ལ་སྟོང་སྲང་བརྒྱད་བཅུ། བརྒྱད་ཅུ་གྱ་ལྔ་སྐོར། དེ་འོག་འབྲིང་གི་རབ་ལ་སྟོང་སྲང་བདུན་ཅུ། བདུན་ཅུ་དོན་ལྔ་སྐོར། དེ་འོག་འབྲིང་གི་འབྲིང་ལ་སྟོང་སྲང་དྲུག་བཅུ། དྲུག་བཅུ་རེ་ལྔ་སྐོར། དེ་འོག་འབྲིང་གི་ཐ་ལ་སྟོང་སྲང་ལྔ་བཅུ།
ལྔ་བཅུ་ང་ལྔ་སྐོར། དེ་འོག་ཐ་མའི་རབ་ལ་སྟོང་སྲང་བཞི་བཅུ། བཞི་བཅུ་ཞེ་ལྔ་སྐོར།
དེ་འོག་ཐ་མའི་འབྲིང་ལ་སྟོང་སྲང་སུམ་ཅུ། སུམ་ཅུ་སོ་ལྔ་སྐོར། དེ་འོག་ཐ་མའི་ཐ་མ་ལ་སྟོང་སྲང་ཉི་ཤུ། ཉི་ཤུ་རྩ་ལྔ་སྐོར། བུད་མེད་བསད་པ་ཆེར་མི་ཡོང༌། གལ་སྲིད་བསད་པ་བྱུང་ན་སྟོང་སྲང་བཅོ་ལྔ་ནས་བཅུའི་བར་གྱི་ཆ་གོང་དང་རིགས་འགྲེ། བྱིས་པ་ལོ་བརྒྱད་མན་གྱིས་གྲི་བརྒྱབ་ནས་ཤི་བ་ལ་དགེ་དོད་མ་གཏོགས་སྟོང་གི་སྲོལ་མེད། རྐུན་མ་རྐུ་རུ་ཡོང་བ་ནོར་བདག་གིས་བསད་པ་ལ་སྟོང་གི་ཐོབ་ཐང་མེད་ཟེར་ནའང༌། རྐུན་མ་སུས་བརྐུས་ཀྱང་གཤགས་རོས་གདབ་བྱ་བ་འཇིག་རྟེན་དུ་གྲགས་འདུག་པས། དགེ་ཆས་ཀྱི་ཆ་ཐོབ་པ་སྐབས་དང་སྦྱར། ཡང༌། བཟུང་བསད་བྱས་པ་དང༌། མི་དཔུང་བྱས་ནས་བསད་པ་ལ་སྟོང་རང་ལྟོས་བཅད་པ་དེ་ལྡབ་གཅོད་པ་དེ་སྡེ་སྲིད་རིན་པོ་ཆེའི་ཁྲིམས་ལུགས་ཡིན་པའམ་སྐབས་དང་སྦྱར། ཡང༌། གསོད་པ་བྱས་ཟེར་བ་དང༌། དུག་གཏོང་བ་བྱས་ཟེར་བ་ལ། དག་པ་བྱས་ནས་མ་ཐོན་ན་ཕྱེད་སྟོང་གིས་བཤགས་སྲོལ་ཡོད། ཡང་སྟོང་གི་ཚབ་ལ་ཞིང་དྲག་པ་རེ་ཐོ་འཛུགས་པའི་སྲོལ་ལུགས་ཀྱང་ཡོད། ད་ཙ་ན་ཁྲིམས་ལུགས་ལ་བརྩི་མཁན་ཉུང༌། དེ་ལྟར་སྟོང་གི་རིམ་པ་རྣམས་སྐབས་དང་སྦྱར་བ་བཅད་པའི་སྟེང་ན་གོང་མ་ཆེ་བཙུན་གྱི་ངོ་ལ་སྟོང་སྲང་རྗེས་ཆག་བཅུག་ཟེར་བའི་གོང་ཕུད་ཀྱི་ཆ་ཡང་སྲོལ་ལུགས་ལྟར་བྱེད་དགོས། སྡིག་གླ་གྲ་ཕུད་བཅུ་ཟུར་ཆག ཡང་དེའི་ཕྱེད་སྙིང་གནོན། དགེ་ཆས་ཀྱི་སྐོར། དགེ་ལ་སྦྱོར་བའི་ཆས་ཡིན་པས་དགེ་ཆས་ཞེས་ཀྱང་བྱ། རོ་དུར་གྱི་ཆས་ཡིན་པས་ན་རོ་ཆས་ཞེས་ཀྱང་བྱ། དགེ་ཆས་དང་རོ་ཆས་དོན་གཅིག་པས་སྟོང་སྟོང་སྲང་དུ་སྤྲད་ཀྱི་སྲང་རེའི་སྟོང་དུ་ནས་ཁལ་རེ་མ་འབྲངས་པ་དང༌། མར་གྱི་སྐོར་ནས་ཀྱི་ལྡབ་གཅོད་བྱེད་པ་དང༌། བཞི་ཟུར་བྱེད་པའི་སྲོལ་ལུགས་གསུམ་ཡོད་པས་གང་དགོས་སྐབས་དང་སྦྱར། དུས་དེང་སང་ནས་ཁལ་རེ་ལ་མར་ཉག་དོ་མ་སྲོལ་འཛུགས་ཀྱི་འདུགརོ་ཁེབས་དང༌། རོ་འཚོ། ཁྲག་གདན། ཅི་འོས་རིག་པས་བཅད། རོ་སྐོར་ཟེར་བ་རོ་བསྲེགས་པ་སོགས་ཀྱི་དགོས་ཆའི་སྐོར་ལ་ཟེར་བ་ཡིན་པས་གང་འོས་ཅི་ཆ་བྱེད།
མི་གསོད་དཀར་ནག་ཁྲ་གསུམ་ཞེས་པ་གྲི་སྲི་གནོན་པའི་ལྕགས་གཅོད་ཀྱི་ཆས་ལ་ཟེར་བ་ཡིན་པས་སྐབས་དང་སྦྱར་བའི་ཆ་བྱེད་དགོས་སོ། ། ཡུགས་སའི་མཆི་འཕྱིས། སྐྲ་འཁྲུད།
བྲང་གདན་ཟེར་བ་དོན་གཅིག་སྟེ་མིང་འདོགས་མི་འདྲ་བའོ། ། དྭ་ཕྲུག་གི་རྒྱགས་རྟེན།
ཨ་མའི་སེམས་གསོ། མི་བདག་གི་རྒྱལ་རྣམས་ཇི་ལྟར་འོས་རི་མོ་ཟུར་དུ་འབྲི། གཞན་ཡང༌། མི་རབས་འདུན་མའི་སྣེ་འཛིན། ཕ་ཚན་སྤྱིའི་རྒྱལ་ལམ། སྤུན་ཟླའི་སྙིང་གནོན། ཞང་ཚན་སྤྱིའི་རྒྱལ་ལམ། ཤ་ཉེའི་རྒྱལ་ལམ། མག་པའི་གཞུ་འབེབས་ཟེར་བ་སོགས་ཁ་མཆུའི་ཡན་ལག་གི་མིང་འདོགས་མང་པོ་ཡོད་པ་རྣམས་ཇི་ལྟར་འོས་རི་མོ་ཟུར་དུ་འབྲི། དེ་མ་ཤར་ན། རོ་བདག་གསོད་མཁན་ལ་རྩོད་དུ་ཡོང་བས། དེའི་རིགས་ཀྱི་མཐའ་འགོག་དགོས་སོ། ། མི་བསད་པའི་རོ་ཆས་སྔོན་ལ་སྤྲོད་པ་དང་ལེན་པ་དེ་ཕན་ཚུན་གཉིས་ཀར་ཁྱད་ལེན་ཆེ་བ་ཡིན། སྤྲོད་མཁན་ལ་ལྡབ་ཁྱད་དུ་འགྲོ་བའི་ལུགས་ཡོད། ལེན་མཁན་གཤིན་པོ་ལ་སྙིང་བརྩེ་བ་དང༌། དུངས་པ་ཡོད་ན་གཤིན་པོ་ཞག་མ་འགྱངས་པར་བདུན་ལ་རྣམ་ཤེས་བར་དོར་འཁྱལ་བའི་དུས་ས་ལམ་གྱི་བར་ཆད་ར་མདའ་ལ་དགེ་བ་བྱས་ན་འགྱུར་ཆེ་བས། ལེན་མཁན་ལ་ཁྱད་ཡོད།
ད་ལྟ་གཤིན་པོ་ལ་མི་བྱམས་པའི་འདོད་པ་ཅན་འགའ་རེ་ལྡབ་ཁྱད་དུ་འགྲོ་བ་དེ་མི་འདོད་པར་མི་ལེན་ཟེར་བ་འདུག་སྟེ། རྟིང་དུ་མར་ནས་རང་སྤྲོད་མཁན་མི་ཡོང་བས་སྲང་གྲངས་གང་འདུག་དངོས་པོ་གོང་ཐང་གཅོད་ལུགས་སྨར་དང་སྤུས་གཙང་ལྡབ། སྤུས་གཙང་དང་ཟོང་ལྡབ་ཁྱད་དུ་བྱས་ནས་སྤྲོད་ལེན་བྱེད་པ་ཡིན། མི་དྲག་པ་ལ་སྟོང་ཐུན་གསུམ་དུ་བཅད་པའི་སུམ་ཆ་སྨར་དུ་སྤྲོད་པའི་ལུགས་ཡོད་པས། སྔར་སྲོལ་རོ་ཆས་ཀྱི་མར་ནས་དེ་སྟོང་དུ་ལྡབ་ཏུ་གཅོད་པ་ཡིན། གྲི་ཤས་འགུགས་པ་ལ་གསོད་གྲི་རང་དངོས་པོ་སྤྲད་ནས། གྲི་བཟང་ངན་གང་ཡིན་ཀྱང༌། སྟོང་གི་ཐུན་གསུམ་གྱི་སྟེང་ནས་སྲང་གང་གཅོད་པའི་ཁྲིམས་ལུགས་ཡིན། མི་ཤ་ལེན་པའི་རྟེན་འབྲེལ་ཡང་ཡོད་ཟེར། ཕལ་ཆེར་མི་སྤྲོད་པ་མང༌། སྤྲོད་ལེན་སྙོངས་ནག་གི་སྤུས། རི་ཕྱུགས། ཀླུང་ཕྱུགས། རྟ་བོང་ན་གཞོན་ནོར་ཉན། གོ་ཁྲབ། དར་རས། སྣམ་ཕྲུག ལྷོ་ཟོག བྱང་ཟོག ཡུལ་ཟོག་སོགས་ལ་ཐུན་གསུམ་གྱི་རིན་རྒྱག་པའི་སྤྲོད་ལེན་བྱེད་ཅིང༌།
དེ་ལ་རིན་ལ་མི་འཆམས་པས། ལག་སྤྲོད་ཀྱི་སྨར་ཞོ་དང་སྨར་གྱི་སྟོང་སྲང་འཐབ། ལག་སྤྲོད་ཀྱི་སྦད་ཞོ་དང་སྦད་ཀྱི་སྟོང་སྲང་འཐབ། དེར་མ་ཟད་སྟོང་སྟེང་སྨར་ཟོང་བརྒྱད་ལྡབ་བྱེད་པའི་ཁྲིམས་ལུགས་ཡིན། དེས་ན་གཤགས་རས་མ་ཡིན་པའི་རས་པོ་ཏི་ལྟ་བུ་ཁྲུ་བཅུ་དྲུག་མ་ལ་སྨར་ཞོ། བཅུ་གཉིས་མ་ལ་སྦད་ཞོ། བརྒྱད་མ་ལ་ཟོང་ཞོ། ར་ཕད་བརྒྱད་མ་ལ་སྨར་ཞོ། བཞི་མ་ལ་སྦད་ཞོ། གཉིས་མ་ལ་ཟོང་ཞོ་བྱས་པ་ལ་ཆ་བཞག་ནས་སྤྲོད་ལེན་བྱེད་ཅིང༌། གཞན་ཡང་སྨྱུག་མ་སྟོང་ཁྲེས་ལ་སྟོང་སྲང་གང༌། ཐོང་གུག་ལ་ཞོ་ཕྱེད་རྣམས་སུ་གཅོད་པ་ཡིན་ནོ། ། དགེ་ཆས་ཀྱི་ནམ་ནས་ས། མར་མར་སར་གང་ཁྱེར་བྱས་པའི་ལྷག་མ། གསེར་དངུལ། གོས་དར།
ཁྲོ་ཟངས་རྣམས་ལ་མར་ནས་ཀྱི་རིན་རྒྱག་བྱས་པའི་སྤྲོད་ལུགས་བྱེད་པ་མཁས་པའི་ལུགས་ལ་ཡོད་དོ།