གསུམ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།(3)

ཐུབ་བསྟན་ཕུན་ཚོགས།        2010-09-08


དགུང་ལོ་ཉེར་དགུ་པའི་ཤིང་འབྲུག་ སྤྱི་ལོ་1904ལོར་བོད་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་དབྱིན་དམག་བོད་ལ་བཙན་འཛུལ་བྱས་ཏེ་ཆུ་ཤུར་ལྕགས་ཟམ་ཁར་འབྱོར།  ཏཱ་ལའི་བླ་མ་སྐུ་འཁོར་ཧྲག་བསྡུས་བཅས་ཉེན་ཁ་གཡོལ་ཆེད་སོག་ཡུལ་དུ་ཆིབས་བསྒྱུར་གནང༌།  དེའི་ཕྱི་ལོ་ཤིང་སྦྲུལ་ སྤྱི་ལོ་1905ལོར་སོག་ཡུལ་དུ་ཆོས་འཁོར་བསྐོར་པས་མཚན་སྙན་ཕྱོགས་ཀུན་ཁྱབ།  ཟང་ཟིང་གི་འབུལ་བ་རྒྱ་ཆེར་བྱུང༌།  སྤྱི་ལོ་1906ལོར་སི་ཁྲོན་ཙུང་ཏུ ་ཀྲོ་ཨེར་ཧྥེང་བོད་ཤར་ཕྱོགས་ཁམས་པའི་ཡུལ་དུ་ཕྱིན་ནས།  སྤྱི་ལོ་1908ལོ་བར་ལོ་ངོ་གཉིས་ཙམ་རིང་ལ་བོད་མི་ཁྲི་ཚོ་ལྔ་ལྷག་ཙམ་ཧམ་བསད་བྱས་པར་གྲགས།  ཐོག་མར་འབའ་བསྟན་གཉིས་དགོན་པའི་ནང་གི་བླ་གྲྭ་ལྔ་བརྒྱ་ཙམ་འདུ་ཁང་ནང་དུ་དུས་གཅིག་ལ་མེ་བསྲེགས་བཏང༌།  དེ་ནས་རིམ་བཞིན་འབའ་དང༌།   ལི་ཐང༌།   སྡེ་རོང༌།   ཕྱག་ཕྲེང༌།   སྨར་ཁམས།   བྲག་གཡབ།   ཆབ་མདོ་སོགས་ཀྱི་ས་ཁུལ་དུ།  བཙན་ཤེད་ཀྱི་སྒོ་ནས་བོད་མི་རྣམས་ལ་རྒྱ་མིང་འདོགས་པ་དང༌།  རྒྱ་ཡིག་སྦྱོང་བཅུག་ཅིང༌།   གལ་སྲིད་རྒྱ་མིང་མེད་པ་དང་རྒྱ་ཡིག་མི་སྦྱོང་མཁན་ལ་ཁྲལ་ཆེན་པོ་བཀོད་པ་དང༌།  ཆེ་ན་སྲོག་ཆད་བཅད་པ་སོགས་གདུག་རྩུབ་ཆེ་བའི་མནར་གཅོད་མང་པོ་བཏང༌།   རྒྱ་མིང་བེད་སྤྱོད་པ་དང་རྒྱ་ཡིག་སྦྱོང་མཁན་ལ་ཁྲལ་མི་བཀོད་པ་སོགས་མི་རིགས་རིགས་འགྱུར་ཐབས་ཤེས་གང་མང་བྱས་པ་མ་ཟད།  ས་གནས་སོ་སོའི་དཔོན་རིགས་རྣམས་བསད་ནས་རྒྱ་དཔོན་བསྐོས་པ་ལ་ལོ་རྒྱུས་ཐོག་ཡུལ་དཔོན་རྒྱ་བསྒྱུར་གྱི་ལས་འགུལ་ཞེས་གྲགས།   དེའི་རྐྱེན་གྱིས་དེང་དུས་འབའ་ལི་རྒྱལ་གསུམ་སོགས་ཀྱི་ཡུལ་དེ་དག་གི་ཕྱོགས་སུ་བོད་པ་རྒྱ་མིང་ཅན་གྱི་ཁྱིམ་ཚང་མང་པོ་ཡོད་པ་རེད།  སྤྱི་ལོ་1908ལོར་མན་ཇུ་གོང་མས་ཀྲོ་ཨེར་ཧྥེང་ལ་བོད་སྡོད་ཨམ་བན་གྱི་ལས་འགན་བསྐོས་པ་དང༌།  བོད་ནས་ཀྲོ་ཨེར་ཧྥེང་བོད་དུ་ཡོང་ན་དེ་བས་ཀྱང་མི་མང་པོའི་སྲོག་ལ་གནོད་པར་དོགས་ནས་མན་ཇུ་གོང་མ་ལ་ཡི་གེ་བཏང་སྟེ།  ཀྲོ་ཨེར་ཧྥེང་གིས་ཁམས་ཕྱོགས་སུ་ཁྲིམས་མེད་ལུགས་མེད་ཀྱིས་བསད་གཅོད་འཕྲོག་བཅོམ་བྱས་ཚུལ་དང༌།  ལྷ་སར་ཡོང་ན་དགའ་བསུ་མེད་ཚུལ་རྣམས་ཞུས་པར།  གོང་མས་དེ་མ་ཐག་ཨམ་བན་གྱི་གོ་གནས་ཕྱིར་འཐེན་བྱས་ཏེ།  ཀྲོ་ཨེར་ཧྥེང་ཆབ་མདོ་ནས་ཕྱིར་ཁྲེན་ཏུར་སྐད་བཏང༌།   དགུང་ལོ་སོ་གཅིག་པའི་ས་སྤྲེལ་ སྤྱི་ལོ་1908ལོར་ཏཱ་ལའི་བླ་མ་སྐུ་འཁོར་དང་བཅས་པ་རི་བོ་རྩེ་ལྔ་བརྒྱུད་ནས་པེ་ཅིང་དུ་ཕེབས།  མན་ཇུ་གོང་མ་འོད་གསལ་དང་མཇལ་འཛོམས་བྱུང༌།   དགུང་ལོ་སོ་གཉིས་པའི་ས་བྱ་ སྤྱི་ལོ་1909ལོར་སྐུ་འབུམ་བརྒྱུད་ནས་དབུས་སུ་ཕེབས།    ལྷ་སར་འབྱོར་ཁར་བོད་བཞུགས་ཨམ་བན་ལྱེན་ཡུས་སྐུ་འཁོར་རྣམས་བསུ་བར་ཕེབས་ཀྱང་གོང་ས་མཆོག་གིས་དགྱེས་ཚུལ་མ་བསྟན་པས་དེ་ཁོང་ཁྲོ་སྐྱེས་ཏེ་ཨུ་རུ་སུའི་མཚོན་ཆ་ཁྱེར་ཡོད་པ་ལ་ཁ་གཡར་ནས་སྔོག་བཤེར་བྱས་པས་སྐུ་ཆས་མང་པོ་བོར་བརླག་སུ་སོང༌།  ཏཱ་ལའི་བླ་མས་བོད་བཞུགས་ཨམ་བན་ལ་འབྲུ་རིགས་དང་གཟན་ཆས་མཁོ་འདོན་བྱེད་མི་ཆོག་པའི་བཀའ་བོད་ཁམས་ཡོངས་ལ་བསྒྲགས། 
དགུང་ལོ་སོ་གསུམ་པའི་ལྕགས་ཁྱི་ སྤྱི་ལོ་1910ལོར་ཀྲའོ་ཨེར་ཧྥེང་གི་སི་ཁྲོན་དམག་མི་ཉིས་སྟོང་ཙམ་ལྷ་སར་འབྱོར་བ་དང་གང་བྱུང་གིས་མི་གསོད་པ།   འཕྲོག་བཅོམ་བྱེད་པ་སོགས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་མང་པོ་བྱས་སྟབས།   གོང་ས་མཆོག་གི་སྐུ་སྲོག་ལ་ཉེན་ཁ་ཆེ་བའི་དུས་དེ་ལ་དགའ་ལྡན་ཁྲི་པ་ཚེ་སྨོན་གླིང་རྒྱལ་ཚབ་ཏུ་བསྐོས་ནས་རྒྱལ་བ་རིན་པོ་ཆེ་སྐུ་འཁོར་རྣམས་རྒྱ་གར་དུ་ཡུལ་བྱོལ་དུ་ཕེབས།   ཀ་ལོན་སྦུག་ཏུ་བཞུགས་སྐབས་མན་ཇུ་གོང་མའི་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཏཱ་ལའི་བླ་མའི་གོ་ས་གནས་དབྱུང་བྱས་ཏེ་ཡང་སྲིད་གསར་དུ་གསེར་བུམ་དཀྲུགས་ནས་བསྐོ་བཞག་བྱ་རྒྱུ་ཞེས་ཁྱབ་བསྒྲགས་བྱས་ཀྱང་དོན་ཐོག་ལ་མ་ཞོགདགུང་ལོ་སོ་དྲུག་པའི་ལྕགས་ཕག་ སྤྱི་ལོ་1911ལོར་རྒྱ་ནག་ཏུ་སུན་ཀྲུང་ཧྲན་གྱིས་གསར་བརྗེ་བྱས་ནས་མན་ཇུ་སྲིད་གཞུང་མེད་པར་བྱཏཱ་ལའི་བླ་མས་བོད་རང་བཙན་གྱི་ལས་འགུལ་དང༌། 
བོད་དུ་ཕྱི་ཡི་རྒྱལ་ཁབ་ཁག་དང་འབྲེལ་བ་བྱས་ནས་ཚན་རིག་ལག་རྩལ་སྤེལ་བ་དང་དམག་དོན་སྦྱོང་བརྡར་བཅས་ཀྱི་བྱ་གཞག་གསར་གཏོད་བྱས།  དགུང་ལོ་སོ་བརྒྱད་པའི་ཆུ་གླང་ སྤྱི་ལོ་1913ལོར་གཞུང་སྒེར་དགོན་སྡེ་སོགས་ཀྱིས་བདག་ཉར་བྱས་པའི་ས་སྟོང་རྣམས།  མི་སུས་རྨོ་རྐོ་བྱེད་ཅིང་ས་ཞིང་དུ་བསྒྱུར་ན་རང་མོས་སུ་བེད་སྤྱོད་བྱེད་ཆོག་པར་མ་ཟད་ལོ་གསུམ་གྱི་རིང་ལ་ཁྲལ་འཇལ་མི་དགོས་པའི་བཀའ་བསྒྲགས་པ་སོགས་ཞིང་ལས་ལ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཤུགས་སྣོན་མཛད།   དགུང་ལོ་ཞེ་བརྒྱད་པའི་ཆུ་ཕག་ སྤྱི་ལོ་1923ལོར་ཇ་སྡོང་ཚོད་ལྟས་འདེབས་འཛུགས་བྱེད་པའི་ལས་ཁུངས་བཙུགས་ཏེ་ལས་འགོ་དངོས་སུ་བརྩམས།  ལྷ་སའི་གྲོང་དུ་ཉེན་སྲུང་དམག་སྒར་གསར་འཛུགས་གནང་སྟེ་སྤྱི་ཚོགས་བདེ་འཇགས་ལ་ཤུགས་སྣོན་གནང༌།  དགུང་ལོ་ལྔ་བཅུ་པའི་ཤིང་གླང་ སྤྱི་ལོ་1925ལོར་སྦྲག་ཁང་དང་ཏར་ཁང་སོགས་གསར་འཛུགས་གནང་སྟེ་འགྲིམ་འགྲུལ་དང་ཆ་འཕྲིན་ལས་ཀ་ལ་ཤུགས་སྣོན་གནང༌།  དེ་རྗེས་དངུལ་ཁང་གསར་དུ་བཙུགས།   དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ སྤྱི་ལོ་1933ལོའི་བོད་ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་ཆམ་པ་སྙུང་བར་གསོལ་སྨན་མཆོད་ཉེན་གྱིས་སྐུ་གཤེགས་པར་གྲགས་ཀྱང་དོན་དུ་དུག་སྦྱོར་གྱིས་བཀྲོངས་པར་འདྲ། 
14.  ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ནི།  ཡབ་ཆོ་ཆོ་ཚེ་རིང་དང་ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ སྤྱི་ལོ་1934ལོའི་བོད་ཟླ་ལྔ་པའི་ཚེས་ལྔ་ཉིན་མདོ་སྨད་སྐུ་འབུམ་གྱི་ཤར་སྨད་སྟག་འཚེར་གྲོང་དུ་སྐུ་འཁྲུངས། 
ཐོག་མའི་མཚན་ལ་ལྷ་མོ་དོན་གྲུབ་གསོལ།   རྒྱལ་ཚབ་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་དབུས་བླ་དཔོན་རྣམས་ཀྱིས་མཚོ་གཟིགས་ཀྱི་རྟགས་སྣང་ལྟར་ལྷ་མོ་དོན་གྲུབ་ཏཱ་ལའི་བླ་མའི་ཡང་སྲིད་ལ་ངོས་འཛིན་ཞུས།  དབུས་སུ་གདན་འདྲེན་ཞུ་གྲབས་བྱེད་སྐབས་མཚོ་སྔོན་ས་ཁུལ་གྱི་ཀྲུ ་ཞི་རྨཱ་པུ་ཧྥང་གིས་སྤྲུལ་སྐུ་བླུ་ཡོན་ལ་ཏཱ་ཡང་སྒོར་འབུམ་ཕྲག་བཞི་ཙམ་དགོས་ཟེར་བ་སོགས་འགོག་རྐྱེན་སྣ་ཚོགས་བྱས་སྟབས་གོ་མིན་ཏང་ཀྲུང་དབྱང་སྲིད་གཞུང་ལ་སྙན་སེང་མི་ཞུ་ཀ་མེད་བྱུང༌། 
  • ལེ་ཚན་སྔོན་མ།:གཉིས། དགའ་ལྡན་ཕོ་བྲང་གི་སྲིད་དབང་མུ་མཐུད་ནས་སྲ་བརྟན་དུ་བཏང་བ་དང༌།
  • ལེ་ཚན་རྗེས་མ།:ས་བཅད་གཉིས་པ། དགའ་ལྡན་ཕོ་བྲང་གི་སྒྲིག་གཞི་དང་རྩ་ཁྲིམས་སྐོར།