གསུམ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།(2)

ཐུབ་བསྟན་ཕུན་ཚོགས།        2010-09-08


དགུང་ལོ་བདུན་པའི་ཆུ་རྟ་ སྤྱི་ལོ་1822ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དབུས་བཀའ་བློན་རྣམས་དང་ཨམ་བན་རྣམ་གཉིས་བཅས་འཚོགས་པའི་དབུས་མཆོད་ཡོན་ལྷན་རྒྱས་པའི་འདྲ་ཐང་གི་མདུན་དུ་འོས་སྤྲུལ་ལ་འདེམས་སྒྲུག་བྱེད་པའི་བྱིས་པ་གསུམ་པོའི་མིང་བྱང་ངོས་གཉིས་སུ་མན་ཇུ་ཡི་གེ་དང་བོད་ཡིག་སོ་སོར་བྲིས་པ་བུམ་པར་བཅུགམཆོག་གསུམ་ལ་གསོལ་འདེབས་དང་ཆོས་སྐྱོང་ལ་འཕྲིན་བཅོལ་བསྒྲགས་མཐར་གསེར་བུམ་དཀྲུག་སྟེ་བྱང་བུ་འཐེན་པར་ལི་ཐང་པ་དེ་ལ་བབ།  དེ་རྗེས་པཎ་ཆེན་རིན་པོ་ཆེས་གཙུག་ཕུད་བཞེས།  དགེ་བསྙེན་གྱི་སྡོམ་པ་ཕུལ།   མཚན་ངག་དབང་བློ་བཟང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་ཞེས་གསོལ།   འབྲི་ཀློག་ནས་བརྩམས་བསླབ་གཉེར་གནང༌།  བོད་ཀྱི་སྲིད་དབང་རྒྱལ་ཚབ་ཚེ་སྨོན་གླིང་ནས་བསྐྱངས།  དགུང་ལོ་བཅུ་དགུ་པའི་ཤིང་རྟ་སྤྱི་ལོ་1834ལོར་པཎ་ཆེན་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས།  རབ་བྱུང་བཅུ་བཞི་པའི་མེ་བྱ་སྤྱི་ལོ་1837ལོ་སྟེ་དགུང་ལོ་ཉེར་གཉིས་སོན་པ་དང་གློ་བུར་དུ་སྐུ་གཤེགས་སོ། 
11.  རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ནི།  ཡབ་ཚེ་དབང་དོན་གྲུབ་དང༌།  ཡུམ་གཡུང་དྲུང་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་ཁྱི་ སྤྱི་ལོ་1838ལོར་མདོ་ཁམས་མགར་ཐར་དགོན་པའི་ཉེ་འདབས་སུ་སྐུ་འཁྲུངས།  དགུང་ལོ་བཞི་པའི་ལྕགས་གླང་ སྤྱི་ལོ་1841ལོར་ཏཱ་ལའི་བླ་མའི་ཡང་སྲིད་གདམས་པར་དབུས་སུ་གདན་འདྲེན་ཞུས།  ལོ་དེའི་ཟླ་བ་ལྔ་པ་ཚེས་ཉེར་བཞི་ཉིན་པཎ་ཆེན་རིན་པོ་ཆེ་གཙོས་སེར་སྐྱ་དཔོན་རིགས་ཡོངས་ཀྱི་དབུས་སུ་གདམ་པར་སྒུག་མཁན་གསུམ་པོར་གསེར་བུམ་དཀྲུགས་པས་མདོ་ཁམས་མགར་ཐར་གྱི་སྲས་པོ་དེ་ལ་བབ།  པཎ་ཆེན་བསྟན་པའི་ཉི་མས་གཙུག་ཕུད་བཞེས་ཤིང་མཚན་ངག་དབང་བསྐལ་བཟང་བསྟན་པའི་སྒྲོན་མེ་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ།  དགུང་ལོ་བརྒྱད་པའི་ཤིང་སྦྲུལ་ སྤྱི་ལོ་1845ལོར་རྭ་སྒྲེང་རིན་པོ་ཆེ་ཡིས་བོད་ཀྱི་སྲིད་དབང་བསྐྱངས།   དགུང་ལོ་དགུ་པའི་མེ་རྟ་ སྤྱི་ལོ་1846ལོར་པཎ་ཆེན་བསྟན་པའི་ཉི་མས་མཁན་པོ་གནང་སྟེ་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་མདུན་ནས་སོར་ཐར་གྱི་སྡོམ་པ་བཞེས།  དགུང་ལོ་བཅོ་བརྒྱད་པའི་ཤིང་ཡོས་ སྤྱི་ལོ་1855ལོར་མན་ཇུ་གོང་མའི་བཀའ་ལྟར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབང་ཆ་བཞེས།  ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་གློ་བུར་སྐུ་གཤེགས།  དེའི་ཕྱི་ཉིན་ནས་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་གྱིས་སླར་ཡང་བོད་ཀྱི་སྲིད་དབང་བཟུང༌། 
12.  རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་ནི།  ཡབ་ཕུན་ཚོགས་ཚེ་རིང་དང༌།   ཡུམ་ཚེ་རིང་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་ སྤྱི་ལོ1856ལོར་བོད་ལྷོ་ཁའི་ས་ཆ་འོལ་དགའ་རྫིང་དུ་སྐུ་འཁྲུངས།  སྐུ་ན་ཕྲ་དུས་ཀྱི་མཚན་ལ་བློ་བཟང་བསྟན་འཛིན་འགྱུར་མེད་ཅེས་གསོལ།  དགུང་ལོ་གཉིས་པའི་མེ་སྦྲུལ་ སྤྱི་ལོ་185༧ལོར་ཡང་སྲིད་གདམ་པར་ལྷ་སར་གདན་འདྲེན་ཞུས།   དེའི་ཕྱི་ལོ་ས་རྟ་ལོར་ཡོངས་འཛིན་ཕུར་ལྕོག་སྤྲུལ་སྐུ་སོགས་དཔོན་རིགས་དང་བླ་སྤྲུལ་ལྷན་རྒྱས་ཀྱི་དབུས་འོས་སྤྲུལ་གསུམ་པོ་གསེར་བུམ་དཀྲུགས་པས་འོལ་དགའ་བློ་བཟང་བསྟན་འཛིན་ཏཱ་ལའི་བླ་མའི་ཡང་སྲིད་དུ་བབ།  དགུང་ལོ་ལྔ་པའི་ལྕགས་སྤྲེལ་ སྤྱི་ལོ་1860ལོར་པོ་ཏ་ལའི་གསེར་ཁྲི་ལ་མངའ་གསོལ།  དགུང་ལོ་དགུ་པའི་ཤིང་བྱི་ སྤྱི་ལོ་1864ལོར་ཡོངས་འཛིན་ཁྲི་ཟུར་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། 
དུས་དེར་སྡེ་སྲིད་བཤད་སྒྲ་པ་སྐུ་གཤེགས་ནས་ཡོངས་འཛིན་སྡེ་དྲུག་པས་བོད་ཀྱི་སྲིད་དབང་བསྐྱངས། 
རབ་བྱུང་བཅུ་བཞི་པའི་མེ་སྟག་ སྤྱི་ལོ་1866ལོར་ཉག་སྐེད་མགོན་པོ་རྣམ་རྒྱལ་གྱི་དམག་དཔུང་ཕམ་པར་བྱས།   རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་ སྤྱི་ལོ་1872ལོར་སྲིད་སྐྱོང་སྡེ་དྲུག་སྐུ་གཤེགས་པ་དང་ལོ་དེའི་ཕྱི་ལོ་ཟླ་བ་གཉིས་པའི་ནང་ཏཱ་ལའི་བླ་མ་མཆོག་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་དབང་བཞེས།  རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ སྤྱི་ལོ་1875ལོ་དགུང་ལོ་ཉི་ཤུར་ཕེབས་པ་དང་སྐུ་གཤེགས་སོ།   དེའི་རྗེས་རྟ་ཚག་རྗེ་དྲུང་གིས་བོད་ཀྱི་སྲིད་དབང་བསྐྱངས། 
13.   རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ནི།   ཡབ་ཀུན་དགའ་རིན་ཆེན་དང༌།  ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱི་ སྤྱི་ལོ་1876ལོར་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས། 
ཐོག་མའི་མཚན་ལ་བློ་བཟང་ཐབས་མཁས་རྒྱ་མཚོ་གསོལ།  དེའི་ཕྱི་ལོར་རྒྱལ་ཚབ་རྟ་ཚག་ངག་དབང་དཔལ་ལྡན་དང་བཀའ་ཤག་གི་ལས་འཛིན་རྣམས་ཀྱིས་ཆོས་སྐྱོང་གི་ལུང་དང་རྨི་ལྟས་སོགས་ལ་བརྟེན་ནས་གླང་མདུན་ཚང་གི་སྲས་བློ་བཟང་ཐབས་མཁས་རྒྱ་མཚོ་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཤིང་ལྷ་སར་གདན་འདྲེན་ཞུས།  དགུང་ལོ་གསུམ་པའི་ས་སྟག་ སྤྱི་ལོ་1878ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་གཙུག་ཕུད་བཞེས་ཤིང་མཚན་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་ཞེས་གསོལ།  དགུང་ལོ་བཞི་པའི་ས་ཡོས་ སྤྱི་ལོ་1879ལོར་པོ་ཏ་ལའི་གསེར་ཁྲི་ལ་མངའ་གསོལ།  དགུང་ལོ་བདུན་པ་ཆུ་རྟ་ སྤྱི་ལོ་1882ལོར་པཎ་ཆེན་དང་རྟ་ཚག་རིན་པོ་ཆེ་སོགས་ཀྱི་མདུན་དགེ་ཚུལ་གྱི་སྡོམ་པ་བཞེས།  དགུང་ལོ་བཅུ་གཅིག་པ་མེ་ཁྱི་ སྤྱི་ལོ་1886ལོར་རྒྱལ་ཚབ་རྟ་ཚག་སྐུ་གཤེགས།   དེ་མོ་ཧོ་ཐོག་ཐུ་སླར་ཡང་བོད་ཀྱི་སྲིད་ཁྲིར་འཁོད།  ཏཱ་ལའི་བླ་མ་མཆོག་ནས་ཡོངས་འཛིན་རྣམ་གཉིས་སོགས་མཁས་པ་དུ་མ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ལ་གསན་སྦྱོང་མཐར་ཕྱིན་པར་གནང༌།   དགུང་ལོ་ཉི་ཤུ་པའི་ཤིང་ལུག་ སྤྱི་ལོ་1895ལོར་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོས་མཁན་སློབ་སྦྲགས་མ་དང༌།  ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་འཕྲིན་ལས་ཀྱིས་གསང་སྟོན་པ།  སྒྲུབ་ཁང་སྤྲུལ་སྐུས་དུས་བསྒོ་བ་བཅས་མཛད་དེ་རབ་བྱུང་བསྙེན་རྫོགས་ཞུས།  ལོ་དེར་བོད་འབངས་དཔོན་རིགས་སེར་སྐྱ་ཡོངས་ཀྱིས་རེ་སྐུལ་ལྟར་ཏཱ་ལའི་བླ་མ་ཐུབ་བསྟན་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་ཏེ།  དགྱེས་སྟོན་གཟབ་རྒྱས་སྤེལ།  སྐབས་དེར་མན་ཇུ་གོང་མས་དབྱིན་ཇི་དང་འབྲེལ་བ་མཐུན་པོར་ཡོང་ཆེད་བོད་ཀྱིས་དབྱིན་འགོག་ལ་རོགས་རམ་མ་བྱས་སྟབས་བོད་བཞུགས་ཨམ་བན་དང་འབྲེལ་བ་ཇེ་སྡུག་ཏུ་གྱུར།  དེར་བརྟེན་ཁོང་གིས་ཨོ་རོ་སུ་དང་འབྲེལ་བ་བྱས་ནས་དབྱིན་འགོག་བྱེད་རྒྱུའི་རེ་བ་བཅངས། 
སྐབས་དེར་བོད་ཀྱི་དཔོན་རིགས་རྣམས་དབང་ཆ་རྩོད་པའི་རྙོག་འཛིང་ཆེན་པོ་ཡོད་པར་བརྟེན།  དགུང་ལོ་ཉེར་བཞི་པའི་ས་ཕག་ སྤྱི་ལོ་1899ལོར་རྒྱལ་ཚབ་དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་དང༌།  ཚ་བོ་ནོར་བུ་ཚེ་རིང་དང་དོན་ལྡན་སོགས་ཀྱིས་བོད་ཀྱི་ཆབ་སྲིད་དབང་ཆ་ཡོངས་རྫོགས་གཟུང་རྒྱུའི་རེ་བས།  ཏཱ་ལའི་བླ་མའི་དགུང་སྙིང་མཚན་གསལ་བཀོད་པའི་ལིངྒ་བཅས་པ་དང༌།  གནོན་གཏད་ཀྱི་རྫས་སྦྱོར་མང་པོ་ལྷ་སའི་ཕྱོགས་བཞིར་སྦས་ནས་ནད་མུག་མཚོན་གསུམ་སོགས་བཀྲ་མི་ཤིས་པའི་ལྟས་ངན་འབྱུང་རེ་ཡིས་དཔལ་རི་སྤྲུལ་སྐུ་དང་ཉག་སྤྲུལ་སོགས་ལ་མངོན་སྤྱོད་ཀྱི་ཆོ་ག་མང་པོ་བསྒྲུབ་ཏུ་བཅུག་པ་དང༌།  དུག་སྦྱོར་གྱིས་ཏཱ་ལའི་བླ་མ་དཀྲོང་རྩིས་བྱས་པ་མཐིལ་བརྟོལ་བྱུང་བས།   དེ་དག་ལ་ཁྲིམས་ཆད་འོས་འཚམ་བཅད། 
  • ལེ་ཚན་སྔོན་མ།:གཉིས། དགའ་ལྡན་ཕོ་བྲང་གི་སྲིད་དབང་མུ་མཐུད་ནས་སྲ་བརྟན་དུ་བཏང་བ་དང༌།
  • ལེ་ཚན་རྗེས་མ།:ས་བཅད་གཉིས་པ། དགའ་ལྡན་ཕོ་བྲང་གི་སྒྲིག་གཞི་དང་རྩ་ཁྲིམས་སྐོར།