བོད་ཀྱི་དུས་ཆེན།

ཚེ་རྒྱལ་དང་རྡོ་རྗེ་རིན་ཆེན།        2011-03-29

བོད་མི་རིགས་ནི་དུས་ཆེན་ལ་གཙིགས་འཛིན་བྱེད་པའི་མི་རིགས་ཤིག་ཡིན།ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་མི་རིགས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དུས་ཆེན་མང་བོ་ཞིག་ཡོད་པར་མ་ཟད།ཆོས་དང་འཇིག་རྟེན་གཉིས་ཀའི་དུས་ཆེན་ཡང་མང་བོ་ཞིག་ཡོད།མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་ཀྱིས་རང་གི་ཡུལ་སྲོལ་གོམས་འདྲིས་དང་བསྟུན་ནས་དེ་ལ་རོལ་སྟངས་ཀྱང་སྣ་ཚོགས་ཤིག་བྱུང་ཡོད་དེ།གཤམ་དུ་བོད་ཀྱི་དུས་ཆེན་སོ་སོ་མཚམས་སྦྱོར་རགས་བསྡུས་ཤིག་བྱ།
བོད་ཟླ་དང་པོའི་ཚེས་གཅིག
ཉིན་འདིར་དབུས་གཙང་དང་ཁམས་ཕྱོགས་ཀྱིས་བོད་ལུགས་ལོ་སར་ལ་རོལ།གྲོ་སོ་ཕྱེ་མར་སོགས་མཆོད་པ་བཤམས།གླུ་ལེན་གར་རྩེ་བྱེད།མདོ་སྟོད་དང་མདོ་སྨད་གཉིས་ཀྱིས་རྒྱ་རྩིས་ཀྱི་ལུགས་དང་བསྟུན་ནས་ལོ་སར་ལ་རོལ།ཉིན་འདིར་ལོ་སར་ཚེས་གཅིག་ཟེར་ཞིང་།ཟས་དཀར་གསུམ་མངར་གསུམ།ཤ་མར་ཐུད་གསུམ་སོགས་ཀྱིས་སྡེར་ཀ་བསྒྲིགས།མི་རྣམས་འགྲོན་དུ་འབོད།གླུ་ལེན་གར་རྩེ་བྱེད།ལྷ་རྩེད་གླུ་རྩེད་དང་མདའ་རྩལ་འགྲན།འདི་ནས་ཚེས་བཅོ་ལྔའི་བར་ལོ་སར་བྱེད།བག་མ་གཏོང་ལེན་ཡང་ཕལ་ཆེ་བས་འདིའི་དུས་སུ་བྱེད།
བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར།
དགེ་ལུགས་པའི་དགོན་པ་སོ་སོ་ནས་སྨོན་ལམ་ཆེན་མོ་ཞེས་པའི་ཆོས་ཀྱི་མཛད་སྒོ་བསྡུ།དེ་ཡང་སྔོན་སྟོན་པ་ཤྰཀྱ་ཐུབ་པས་མུ་སྟེགས་སྟོན་པ་དྲུག་ཟླ་བ་འདིར་ཆོ་འཕྲུལ་བསྟན་ནས་བཏུལ་པས།རྗེས་སུ་རྗེས་འཇུག་པ་རྣམས་ཀྱིས་ཟླ་འདི་རུ་ཆོ་འཕྲུལ་མཆོད་རྟེན་བཞེངས་པ་དང་།རྗེ་རིན་པོ་ཆེས་སྤྱི་ལོ་༡༤༠༩ལ་སྨོན་ལམ་ཆེན་མོའི་སྲོལ་བཙུགས་པ་བརྒྱུད་ནས་འདི་ལ་རྒྱ་ལོའི་སྨོན་ལམ་ཡང་ཟེར།
བོད་ཟླ་གསུམ་པའི་ཚེས་བཅོ་ལྔ།
དགེ་ལུགས་པའི་དགོན་པ་ཁག་ཅིག་གིས་གསུམ་པའི་སྒྲུབ་མཆོད་ཅེས་པ་འཛུགས།སྔོན་སྟོན་པས་ཆོས་རྒྱལ་ཟླ་བཟང་གིས་ཞུས་པ་ལྟར།དུས་འཁོར་རྩ་རྒྱུད་ཉིན་འདི་ལ་གསུངས་པས་དགོན་པ་སོ་སོའི་དུས་འཁོར་གྲྭ་ཚང་གིས་དུས་འཁོར་སྒྲུབ་མཆོད་བཙུགས་ཏེ།དཀྱིལ་འཁོར་བཞེངས་པ་དང་སྦྱིན་སྲེག་ལྡུག་པའི་སྲོལ་ཡོད།
བོད་ཟླ་བཞི་པའི་ཚེས་བརྒྱད།
དམངས་ཁྲོད་དུ་བཞི་བའི་མ་ཎིའམ་བཞི་བའི་སྨྱུང་གནས་ཞེས་པའི་མཛད་སྒོ་བསྡུ།ས་ཁུལ་ལ་ལས་ཚེས་བཅོ་ལྔའི་ཉིན་ནས་བྱེད་པའང་ཡོད།དགོན་པར་བཞི་བའི་ལྷ་མཇལ་ཞེས་པའི་ཆོ་ག་ཡོད།འདི་ནི་སྟོན་པ་སྐུ་འཁྲུངས་པའི་ཉིན་མོ་ཡིན་པས་དེ་ལ་རྗེས་དྲན་གྱི་ཕྱིར་དུ་དགོན་པ་སོ་སོ་ནས་དུས་རྒྱུན་སྒོ་མི་འབྱེད་པའི་ལྷ་ཁང་རྣམས་ཀྱང་ཉིན་འདིར་སྒོ་ཕྱེས་ཏེ་ལྷ་མཇལ་གཏོང་བའི་སྲོལ་ཡོད།
བོད་ཟླ་བཞི་བའི་ཚེས་བཅོ་ལྔ།
ཉིན་འདིར་བཟང་བོ་སུམ་འཛོམས་ཀྱི་ཉིན་མོ་ཟེར།དེ་ཡང་སྟོན་པ་ཤྰཀྱ་ཐུབ་པ་སྐུ་བལྟམས་པ་དང་།སངས་རྒྱས་པ།ཡུལ་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་ག་བཞི་བའི་བཅོ་ལྔར་ཁེལ་བས་ཉིན་འདི་ལ་དགོན་པ་ནས་བཞི་བའི་སྨོན་ལམ་ཞེས་ཆོས་ལུགས་ཀྱི་ཆོ་ག་མཛད།ཡི་དམ་ཆོས་སྐྱོང་གི་འཆམ་སྟེག་གྲོང་བས་སྨྱུང་གནས་སྲུང་།བཞི་བའི་མ་ཎི་ཞེས་གྲོང་སྡེ་སོ་སོས་མ་ཎི་དུང་མང་བསྒྲུབས་ཏེ་ཡ་རབས་ཀྱི་མཛད་སྒོ་བསྡུ།གྲོང་བས་ཆོས་བསྐོར་ཀྱང་བྱེད། ཉིན་འདིར་བོད་ལྗོངས་སྤོ་བོའི་ཆུ་ལུང་དྲུག་གཅིག་གྱུར་གྱིས་དུས་ཆེན་འདི་ལ་རོལ།དེ་ནི་དམག་དོན་དགྲ་ལྷ་གསོལ་བའི་བྱེད་སྒོ་ཞིག་ཡིན་ཞིང་།འདས་པའི་དུས་ཤིག་གི་ཉིན་འདིར་སྤོ་བོ་ཆུ་ལུང་དྲུག་གི་དམག་གཡུལ་སར་ཆས་ཤིང་ཐེངས་དེར་རྒྱལ་ཁ་ཆེན་པོ་བླངས།དེ་ནས་ལོ་ལྟར་ཉིན་འདིར་དགྲ་ལྷ་གསོལ་བའི་བྱེད་སྒོ་སྤེལ་བ་ནས་རིམ་བཞིན་དུས་ཆེན་དུ་གྱུར།དེ་ནི་གཙོ་བོ་རྟ་རྒྱུག་མདའ་འཕེན་སོགས་དམག་རྩེད་འགྲན་སྡུར་དང་ཆབས་ཅིག་ཟས་གོས་ལོངས་སུ་སྤྱོད་པའི་དུས་སྟོན་ཞིག་ཡིན།
 བོད་ཟླ་ལྔ་བའི་ཚེས་ལྔ།
ཉིན་འདི་ལ་ཨ་མདོའི་ས་ཆ་ཁ་ཤས་སུ།སྔོ་ཚལ་གྱི་ཚོད་མ་བཟའ།ཁྲུས་ལ་འཇུག སྒོ་ཁར་སྔོ་ལོ་འཛུགས་པ་སོགས་ཀྱི་སྲོལ་མཆིས།
བོད་ཟླ་ལྔ་བའི་ཚེས་བཅོ་ལྔ།
ཉིན་འདི་འཛམ་གླིང་སྤྱི་བསང་ཞེས་མཆོད་པ་ཆེན་པོ་བཞིའི་ཡ་གྱལ་དེ་ཡིན་ལ།ཉིན་འདིར་དབུས་གཙང་དུ་སྐུ་དྲག་དང་ཚོང་པ་ཆེ་ཁག་རྣམས་ཀྱིས་ཟླ་གཅིག་གི་རིང་ལ་དུས་སྟོན་རྒྱ་ཆེར་རོལ་སྲོལ་ཡོད།
བོད་ཟླ་དྲུག་པའི་ཚེས་བཞི།
ཉིན་འདི་ནི་སྔོན་སྟོན་པར་ཚངས་པས་གསེར་གྱི་འཁོར་ལོ་དང་།བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པས་ཡུལ་ཝྰ་རྰ་ཎ་སྰིར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བས།དེ་ལ་རྗེས་དྲན་གྱི་ཕྱིར་དགོན་པ་སོ་སོ་ནས་འདོན་པ་རྒྱས་པར་གསུངས་པ་དང་།གོས་སྐུ་བཤམས་པ་སོགས་ཀྱི་ཆོ་ག་ཕྱག་ལེན་བྱེད།
 བོད་ཟླ་དྲུག་པའི་ཚེས་བཅུ།
ཉིན་འདི་ནི་སློབ་དཔོན་པད་འབྱུང་བོད་ནས་སྲིན་ཡུལ་དུ་བྱོན་པའི་ཉིན་དུ་གྲགས་པས་རྙིང་མ་དང་བཀའ་བརྒྱུད་པ་སོགས་ཀྱིས་ཚེས་བཅུའི་འདོན་འཚོགས་དང་འཆམ་སོགས་སྟེག་པར་བྱེད།
བོད་ཟླ་དྲུག་པའི་ཚེས་བཅོ་ལྔ།
ཉིན་འདིར་མདོ་སྨད་རྔ་བ་ཁུལ་དུ་རྫ་ཁྲོམ་དུས་ཆེན་ལ་རོལ།དུས་ཆེན་འདིའི་ཐོག་མའི་ལུགས་སྲོལ་ནི་རྔ་བ་རྨེ་ཚང་གི་དཔོན་པོ་སྐལ་བཟང་གིས་ཕྱེས་ཤིང་།སྔོན་ལོ་རེའི་ཟླ་ལྔ་བའི་ཚེས་གཅིག་ཉིན་རོལ་བ་དང་།༡༩༨༥ལོ་ནས་བཟུང་བོད་ཟླ་དྲུག་པའི་ཚེས་བཅོ་ལྔར་བསྒྱུར།དུས་ཆེན་དེར་ཞིང་ཆེན་ཕྱི་ནང་ནས་ཐོན་པའི་རྫ་ཆས་མང་བོ་ཁྲོམ་རར་བཤམས་པས་མིང་དེ་ལྟར་ཐོགས།ཚོང་འདུས་རྒྱ་ཆེ་ཞིང་།མི་རྣམས་མ་བསྡུས་གཅིག་ཏུ་འདུས་ནས་དུས་སྟོན་ལ་རོལ།ཉིན་འདི་ཙམ་ནས་མདོ་སྨད་བླ་བྲང་སོགས་ས་ཁུལ་ཁག་ཅིག་ཏུ་ཤིང་སློང་གི་དུས་སྟོན་ཟླ་གཅིག་ཙམ་ལ་རོལ།
བོད་ཟླ་དྲུག་པའི་ཚེས་བཅུ་བདུན།
ཉིན་འདི་ག་ཙམ་ནས་མགོ་བརྩམས་ཏེ་མདོ་སྨད་ཀྱི་རེབ་གོང་དུ་དྲུག་པའི་གླུ་རོལ་དང་ཁྲི་ཀའི་ཡུལ་དུ་ལྷ་རྩེད་ཅེས་པའི་དུས་སྟོན་རྒྱ་ཆེན་པོ་རོལ་སྲོལ་ཡོད།མི་ཐམས་ཅད་ཀྱིས་རྒྱན་གོས་ལེགས་པར་གྱོན་ཞིང་ཟས་རིགས་གྱ་ནོམ་པ་ལ་རོལ་བར་མ་ཟད།ལྷ་གསོལ་བསང་གཏོང་སོགས་ཀྱིས་ཉིན་བཞི་ལྔ་ཙམ་ལ་རྩེད་མོ་སྣ་ཚོགས་སྔར་སྲོལ་མ་ཉམས་པར་རྩེད་སྲོལ་ཡོད།
བོད་ཟླ་དྲུག་པའི་ཚེས་བཅོ་བརྒྱད།
ཉིན་འདིར་རྒྱལ་རོང་ས་ཁུལ་དུ་དབྱར་ཁའི་ཇ་སྐོལ་ཞེས་པའི་དུས་སྟོན་ལ་རོལ།ཉིན་དེར་མཛེས་པའི་སྤང་ལྗོངས་སུ་རས་གུར་སྣ་ཚོགས་ཕུབ་སྟེ་ཞིམ་པའི་ཟས་ལ་རོལ་ཞིང་སྦེ་ག་སོགས་འགྲན་པར་བྱེད།
བོད་ཟླ་བདུན་པའི་ཚེས་གཅིག
ཉིན་འདིར་ལྷ་སར་ཞོ་སྟོན་བྱེད།འབྲས་སྤུངས་སུ་ལྷ་མོ་པ་རྣམས་ཀྱིས་ལྷ་མོ་འཁྲབ་ནས་ལྟད་མོ་པ་དག་ལ་གཟིགས་མོར་འབུལ།སེ་རར་འཆམ་སྟེག དེ་བཞིན་ཚེས་གཅིག་ནས་བཞི་བར་ནོར་བུ་གླིང་གར་ལྷ་མོའི་རྣམ་ཐར་མང་བོ་འཁྲབ།ཚེས་ལྔ་ནས་བདུན་བར་དུ་སྐུ་དྲག་ཆེ་ཁག་གི་སྐུ་སྒར་དུ་ལྷ་མོ་འཁྲབ།ཟླ་འདིར་ཞོ་ལེགས་པའི་དུས་ཡིན་པ་དང་ཞོ་འགྱེད་བྱེད་པས་ཞོ་སྟོན་ཟེར།
 བོད་ཟླ་བརྒྱད་པ།
ཟླ་འདིའི་ནང་དབུས་གཙང་དུ་འོང་སྐོར་རམ་ཆོས་སྐོར་བྱེད་པ་ཡིན།དེ་ནི་ལོ་ལེགས་ལེན་ཁའི་དུས་སྟོན་ཡིན་པས་རྒྱ་ཆེའི་ཞིང་ལས་ས་ཁུལ་དུ་རང་རང་གི་ཁྱད་ཆོས་ལྟར་དུས་སྟོན་རྒྱ་ཆེར་རོལ་སྲོལ་ཡོད།དེ་བཞིན་དབྱར་སྐྱིད་ཅེས་འབྲོག་ཁུལ་དུའང་དུས་སྟོན་དེ་རོལ་སྲོལ་ཡོད།
བོད་ཟླ་དགུ་པའི་ཚེས་ཉེར་གཉིས།
ཉིན་འདིར་སྟོན་པ་སུམ་ཅུ་རྩ་གསུམ་པའི་གནས་སུ་བྱོན་ཏེ་ཡུམ་ལ་ཆོས་གསུངས་པ་དང་ཕྱིར་འཛམ་གླིང་དུ་བབས་པར་གྲགས་པས་ལྷ་བབས་དུས་ཆེན་ཟེར།དགེ་ལུགས་པའི་དགོན་པ་ཁག་ཏུ་དགུ་པའི་སྨོན་ལམ་ཞེས་པའི་མཛད་སྒོ་བསྡུ་བ་དང་།རྟེན་མཇལ་བྱེད།
བོད་ཟླ་བཅུ་པའི་ཚེས་བཅོ་ལྔ།
ཉིན་འདིར་དབུས་གཙང་དུ་དཔལ་ལྷའི་རི་ཁྲོད་ཅེས་ལྷ་ལྡན་གཙུག་ལག་ཁང་གི་དཔལ་ལྷ་དང་གྲིབ་རྫོང་བཙན་གཉིས་ཞལ་འཛོམས་པ་ཡིན་ཟེར་བའི་དུས་སྟོན་ཞིག་ཡོད།ཉིན་དེ་བུད་མེད་ཚོས་རང་ཉིད་ཀྱི་དུས་སྟོན་ལྟ་བུར་རྩི་སྲོལ་ཡོད།
བོད་ཟླ་བཅུ་བའི་ཚེས་ཉེར་ལྔ།
ཉིན་འདིར་དགེ་ལུགས་པའི་དགོན་པ་ནང་བཅུ་བའི་ལྔ་མཆོད་ཆེན་མོ་ཞེས་པའི་ཆོས་ལུགས་ཀྱི་ཆོ་ག་མཛད་ཚུལ་ཡོད།དེ་ནི་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་རྫེ་ཙོང་ཁ་པ་སྐུ་གཤེགས་པའི་ཉིན་ཡིན་པས་རྗེས་འཇུག་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཉིས་ཀྱིས་དགའ་ལྡན་གདུང་མཆོད་ཆེན་མོ་ཞེས་ཀུན་ཏུ་གྲགས་པར་མཛད་པ་དང་།མཆོད་པ་མཆོད་མེས་གླིང་བཀང་བས་གླིང་མེ་ཞེས་པ་བྱུང་ངོ་།།
བོད་ཟླ་བཅུ་གཅིག་པའི་ཚེས་གཅིག
ཉིན་འདིར་བོད་ལྗོངས་སྤོ་བོའི་ཡུལ་དུ་བྱིས་པའི་ལོ་སར་གཏོང་མགོ་རྩོམ་པ་ཡིན།ཉིན་གཉིས་ཀྱི་རིང་ལོ་བཅུ་བཞིའི་མན་གྱི་བྱིས་པ་ལོ་ཆུང་རྣམས་ལ་གང་དགའི་ཟས་གོས་དང་རྩེད་མོར་རོལ་དུ་འཇུག་སྲོལ་མཆིས།
བོད་ཟླ་བཅུ་གཉིས་པའི་ཚེས་གཅིག
ཉིན་འདིར་སྤོ་བོའི་ཡུལ་དུ་མི་ནག་ལོ་སར་གྱི་དུས་སྟོན་ཡིན་ཞིང་།དེ་ནི་ཡུལ་དེར་ཅུང་རྒྱ་ཆེ་བའི་ལོ་སར་ཞིག་སྟེ་སོ་ནམ་པའི་ལོ་སར་ཡིན།འདི་ནི་ཕལ་ཆེར་བོད་ཟླ་དང་པོའི་སྐབས་སྤོ་ཡུལ་གྱི་སོ་ནམ་འདེབས་ལས་བྱེད་པ་ཡིན་པས་ལོ་སར་གྱི་དུས་སྟོན་སྔོན་བསྣུར་བྱས་པ་ཨེ་ཡིན་སྙམ།
བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ།
བོད་ཁམས་སུ་དགུ་གཏོར་ཞེས་དགོན་ཁག་མི་ཉུང་བ་ཞིག་ཏུ་ལོ་རེའི་གདོན་བགེགས་བར་ཆད་སེལ་བའི་གཏོར་རྒྱག་ཆོ་ག་སྒྲུབ་སྲོལ་ཡོད་པ་དང་།ཉིན་དེར་ལོ་གཅིག་གི་འགལ་རྐྱེན་སེལ་བར་དམིགས་ནས།གླུད་རྫོང་བྱེད་པའི་ཡུལ་སྲོལ་རྒྱ་ཆེ་བ་ཞིག་ཡོད་པ་དེ་ལ་དགུ་ཐུག་ཅེས་འབོད།དེ་ནི་ལོ་རྙིང་བ་དེའི་ནང་གི་འགལ་རྐྱེན་མཐའ་དག་མཇུག་སྒྲིལ་ཆེད་གླུད་རྫོང་བ་དང་།གདོན་འདྲེ་ཕྱིར་ཕུད་བྱེད་པ།ཟས་རིགས་སྣ་ཁ་དགུ་འཛོམས་པའི་བག་ཐུག་འཐུང་བ་བཅས་བྱེད་སྲོལ་ཡོད།
 
  • ལེ་ཚན་སྔོན་མ།:རང་ཡུལ་ཆོས་ལྡན་ཞིང་གི་ལོ་སར་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:ཁམས་ཉག་རོང་ཕྱོགས་ཀྱི་ཟླ ༡༢ པའི་ཚེས༡༣ ཉིན།