བཞག་བྲ་ལྷ་རྩེའི་བསང་མཆོད།

སྔགས་བཙུན་དྷཱ་ཛའི་མཚན་ཅན་བསྟན་ཉག་རྒྱལ་མཚན    གཉན་པོ་གཡུ་རྩེ།    2011-05-31

བཞག་བྲ་ལྷ་རྩེའི་བསང་མཆོད། 

མདོ་སྨད་སྐྱེ་དགུའི་ཟོ་དོར་བཞག་བྲ་ལྷ་རྩེའི་བསང་མཆོད་པདྨའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
ཡུལ་ལྷ་གཉན་པོ་བཞག་བྲ་ལྷ་རྩེ་ལ་བསང་མཆོད་འབུལ་བར་འདོད་པའི་རྣལ་འབྱོར་བས་བསང་རྫས་ལ་ཨ་མྲྀ་ཏས་བསང༌། སྭ་བྷ་ཝས་སྦྱངས། རཾ་ཡཾ་ཁཾ་དང་འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱིས་སྤེལ་ཏེ། ཀྱེ་སྟོང་ཆེན་ཀ་དག་གཉུག་མའི་ཀློང་ཡངས་པར། །ལྷུན་འགྲུབ་སྒྱུ་འཕྲུལ་རོལ་བའི་རྩལ་སྣང་ལས། །མདོ་སྨད་ནོར་འཛིན་ལྗོངས་ཀྱི་བཀོད་པ་བཀྲ། །དེ་ཡི་སྐྱེ་འགྲོ་ཡོངས་ཀྱི་མགོན་གྱུར་བ། །ཡུལ་ལྷ་གཉན་པོ་རྡོ་རྗེ་ལས་དབང་རྩལ། །འཁོར་བཅས་དགྱེས་པའི་གནས་མཆོག་ཉམས་དགའ་བ། །རབ་དཀར་གངས་ཀྱི་རི་བོ་ལྷུན་སྡུག་པ། །ཞོ་གསར་མདངས་ལ་འགྲན་པའི་ཆུ་འཛིན་གྱི། །ཕུང་པོ་མཁའ་ལ་གཡོ་པར་ཅོ་འདྲི་བ། །དེ་རུ་རིན་ཆེན་སྐུ་མཁར་མཛེས་ཤིང་སྒེག །བསྟན་འགྲོར་ཕན་བདེའི་ཕྲིན་ལས་བྱེ་བ་ཡི། །སྒོ་འཕར་གཅིག་ཅར་འབྱེད་པའི་གནས་མཆོག་ནས། །བདག་ཅག་རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །མཐུ་ཆེན་བཞག་བྲ་ལྷ་རྩེ་གཉན་པོ་དེ། །སྐུ་མདོག་ཀེ་ལ་ཤ་རིར་ཉི་འོད་ཀྱིས། །འཁྱུད་པའི་མདངས་ལྟར་དགྱེས་པའི་ཞལ་ངོམ་ཞིང༌། །དུང་གི་ཁྲབ་རྨོག་རྡོ་རྗེའི་ཆོས་དང་ལྡན། །གཡུ་ཡི་རྒྱན་ཕྲེང་མཛེས་ཤིང་འཁོར་གསུམ་བཀྲ། །ཕྱག་གཡས་བ་དན་དཀར་པོ་མཁའ་ལ་ཕྱར། །གཡོན་པས་གཡས་འཁྱིལ་བཀྲ་ཤིས་དུང་དཀར་བསྣམས། །རྫུ་འཕྲུལ་རྐང་པ་བཞི་ཡི་བང་འགྲོས་ཅན། །ལྷ་རྟ་ངང་དཀར་སྤྲིན་གཞོན་གཡོ་ལ་ཆིབས། །གཡོན་དུ་བདེ་ཆེན་བདེ་བའི་རོལ་རྩེད་ཅན། །བཙུན་མོ་ལྷ་སྨན་ཀུན་དྷེ་གཞོན་ཚུལ་འཆང༌། །སྤྲུལ་བསྒྱུར་སྣ་ཚོགས་ནམ་མཁའི་གློག་བཞིན་སྟོན། །ལྷ་རྫས་གོས་ཀྱི་ནབས་བཟའ་ཀླུབ་པའི་སྟེང༌། །རིན་ཐང་བྲལ་བའི་རིན་ཆེན་རྒྱན་གྱིས་སྤྲས། །ཕྱི་ནང་གསང་བའི་བློན་པོ་སྟོབས་རྩལ་ལྡན། །གཞན་ཡང་བཀའ་འཁོར་གཉན་གྱི་དམག་ཚོགས་རྣམས། །ནམ་མཁའི་སྐར་ཚོགས་གཡོ་བ་བཞིན་བྱོན་ནས། །རིན་ཆེན་ཁྲི་དང་དར་ཟབ་འབོལ་བརྩེགས་སོགས། །རང་རང་དགྱེས་པའི་གདན་ཁྲི་ཡངས་པ་རུ། །དགྱེས་པའི་འཛུམ་མདངས་ངོམ་བཞིན་བཞུགས་སུ་གསོལ། །ཡུམ་ཆེན་གོས་དཀར་ལྷ་མོའི་ཀློང་ཡངས་པར། །དཀར་གསུམ་མངར་གསུམ་འབྲུ་བཅུད་ཆང་གི་རོ། །རྒྱ་ཇ་ངད་ལྡན་དར་ཟབ་སྟག་གཟིག་རས། །བཟང་དྲུག་ལ་སོགས་སྨན་སྣ་གོ་མཚོན་དང༌། །གཟུགས་འགྲོས་ཡིད་འོང་ཇི་སྙེད་མཆིས་པ་དང༌། །སྨན་ཤིང་སྣ་ཚོགས་བསྲེགས་པའི་དུད་སྤྲིན་རྩེར། །བདུད་རྩིའི་ངད་པ་གཡོ་བའི་དགྱེས་རྒུའི་རྫས། །དྭངས་བསིལ་རྙོག་པའི་སྐྱོན་བྲལ་ལྷའི་མཆོད་ཡོན། །དག་བྱེད་ཞབས་བསིལ་གངྒའི་རྒྱུན་བཟང་སྦྲེང༌། །རིན་ཐང་གཞལ་བའི་སྐབས་བྲལ་རིན་ཆེན་གྱི། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པ་དང༌། །དྲི་ཞིམ་བྱེ་བ་ངོམ་པའི་བདུག་སྤོས་སྤྲིན། །མཁའ་དབྱིངས་ཡངས་པ་བརྡལ་བའི་ལྷག་ཀྱང་བདོག །མུན་ཚོགས་དགྲ་རུ་ཆས་པའི་སྣང་གསལ་གྱི། །རིན་ཆེན་སྒྲོན་མེ་ཉི་ཟླའི་དཀྱིལ་འཁོར་ལ། །དོ་ཟླ་འོས་པའི་མདང་ལྡན་ཚར་དུ་དངར། །དྲི་བསང་སྟོང་གསུམ་ཐ་གྲུ་ཡངས་པའི་ཁྱོན། །ཀུན་དུ་ཁྱབ་ཅིང་ལྡང་བའི་རོལ་བ་བཀྲ། །རོ་བརྒྱ་ནུས་པ་སྟོང་གི་མཐུ་ལྡན་པའི། །ལྷ་ལ་འོས་པའི་བཤོས་མཆོག་རྣམ་པར་འཕྲུལ། །སྙན་འཇེབ་བྱེ་བ་མངའ་བའི་རོལ་མོ་ཡི། །སྒྲ་དབྱངས་ཟད་པ་བྲལ་བའི་མཆོད་སྤྲིན་ཕུལ། །གཞན་ཡང་བཀྲ་ཤིས་རྫས་རྟགས་བརྒྱད་པོ་དང༌། །རིན་ཆེན་བདུན་དང་འདོད་ཡོན་རྣམ་པ་ལྔ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོའི་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་དཔག་མེད་སྤྲུལ། །ཐུགས་དམ་གཉན་པོ་སྐོང་བའི་རྫས་མཆོག་གིས། །རྡོ་རྗེའི་གནས་མཆོག་བཞག་བྲ་གངས་དཀར་དུ། །བཞུགས་པའི་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས། །བསང་ངོ་མཆོད་དོ་འབུལ་གྱིས་དགྱེས་པར་བཞེས། །གཉན་ཆེན་ལས་དབང་རྒྱལ་པོ་བསང་ངོ་མཆོད། །བཙུན་མོ་ཀུན་བྱེད་རྒྱལ་མོ་བསང་ངོ་མཆོད། །གསང་བློན་དྲག་པོ་གསུམ་རྔམ༴ ནང་བློན་གནོད་སྦྱིན་མཆེད་གཉིས༴ ཕྱི་བློན་ཤན་པ་སྡེ་བཞི༴ བཀའ་འཁོར་ལྷ་ཀླུ་གཉན་ཚོགསབསང་ངོ་མཆོད། །རྒྱལ་དབང་པདྨའི་བཀའ་སྡོད་མཐུ་བོ་ཆེ། །འཁོར་བཅས་མཉེས་ཚིམ་དགྱེས་ཏེ་ཉམས་ཆགས་བསྐངས། །མནོལ་གཙོག་ཉེས་གྲིབ་དྲི་མ་དབྱིངས་སུ་ཡལ། །རྣལ་འབྱོར་བདག་ལ་འགོ་ཞིང་དགོངས་པ་མཛོད། །རྒྱལ་བསྟན་དར་ཞིང་དེར་འཛིན་སྐུ་ཚེ་བསྲིངས། །སྐྱེ་རྒུ་ཀུན་ཀྱང་བདེ་སྐྱིད་རྟག་ཏུ་ལྡན། །མཆོག་ཐུན་དངོས་གྲུབ་བྱེ་བ་ཆར་དུ་བསྙིལ། །བཅོལ་བའི་ཕྲིན་ལས་མ་ལུས་ཡོངས་གྲུབ་མཛོད། །དམ་བསྒྲགས་ཀྱི་ཕྲིན་བཅོལ་ནི། ཧཱུྃ་ཧྲཱི། སྔོན་ཚེ་རྒྱལ་ཀུན་གསང་གསུམ་གཅིག་བསྡུས་པའི། །སློབ་དཔོན་ཆེན་པོ་པདྨ་ཀ་ར་ཡི། །བསམ་ཡས་ཧས་པོ་རི་ཡི་རྩེ་མོ་རུ། །གངས་ཅན་བོད་ཀྱི་ལྷ་སྲིན་དྲེགས་ཚོགས་ཀུན། །དམ་བཏགས་དབང་བསྐུར་གཉེར་གཏད་མཛད་པའི་ཚེ། །རྡོ་རྗེའི་ཡལ་གམ་དགེ་བསྙེན་ཁྱོད་ཉིད་ལགས། །རྩལ་བའི་ཐ་ཚིག་གཉན་པོ་དྲན་་པར་མཛོད། །བར་དུ་རིག་འཛིན་པདྨའི་སྒྱུ་འཕྲུལ་མཆོག །གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱིས། །མཁྱེན་བརྩེའི་ནུས་སྟོབས་བཀྲ་བའི་ཉི་མ་ཆེ། །རྣམ་པར་དཀར་བའི་ཕྲིན་ལས་འོད་སྣང་གིས། །བོད་ཡུལ་སྐྱེ་དགུའི་བདེ་སྐྱིད་པདྨའི་ཚལ། །རབ་ཏུ་རྒྱས་པའི་དགེ་མཚན་ངོམས་པའི་ཚེ། །གསང་བའི་དཀྱིལ་འཁོར་གཉན་པོའི་དམ་བཅུག་སྟེ། །རྡོ་རྗེའི་མཚན་གྱི་ཅོད་པཎ་སྤྱི་བོ་རུ། །བཞག་པ་བརྗེད་པའི་སྐབས་ཉིད་ག་ལ་བདོག །ཐ་མ་ཁྲག་འཐུང་ཡེ་ཤེས་རྡོ་རྗེ་དང༌། །བདེ་སྟེར་མཁའ་འགྲོའི་དབང་མོ་རྣམ་གཉིས་ཀྱིས། །ཞབས་ཀྱི་པདྨོར་བསྙེན་ནས་དམ་བཅས་པ། །དེ་ལྟར་ཐོག་མཐའ་བར་གསུམ་གཉེར་གཏད་པའི། །གང་བཅོལ་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །རྒྱལ་བསྟན་སྤྱི་དང་སྔ་འགྱུར་རྙིང་མ་མཆོག །ཡོངས་རྫོགས་བསྟན་པ་འཛམ་གླིང་ལྗོངས་ཆེན་པོར། །བཤད་སྒྲུབ་སྣང་བའི་དཔལ་སྟེར་ཉི་མ་ཡིས། །འོད་བཞིན་ཁྱབ་སྟེ་དགེ་མཚན་གསལ་བར་མཛོད། །བསྟན་འཛིན་མཆོག་རྣམས་སྐུ་ཚེ་མཛད་ཕྲིན་རྒྱས། །བསྟན་དགྲ་མ་ལུས་མིང་ཙམ་ལྷག་མར་གྱུར། །སྐྱེ་དགུ་ཀུན་ཀྱང་བདེ་སྐྱིད་དགེ་ལེགས་འཕེལ། །རྣམ་བཞིའི་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད། །ཅེས་པ་མདོ་སྨད་ཀྱི་གཞི་བདག་གཉན་པོ་བཞག་བྲ་ལྷ་རྩེའི་བསང་མཆོད་དུ་རྫོགས་ཆེན་མཁན་ཟུར་ཐུབ་བསྟན་སྙན་གྲགས་ཀྱིས་སྨྲས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། །
༁ྃ༔  ཀྱཻཿ ཐུགས་མཆོག་གསང་ཆེན་གནས་ཀྱི་བདག༔ བསྟན་སྲུང་བཞག་བྲ་ལྷ་རྩེ་ཆེ༔ འཁོར་བཅས་འདིར་གཤེགས་བསང་མཆོད་བཞེས༔ ཅི་བཅོལ་ཕྲིན་ལས་འགྲུབ་པར་མཛོད༔ ༁ྃ༔  ཀྱཻཿ བཀའ་ཉན་ཞིང་སྐྱོང་ཊཀྐི་མ༔ བཞག་མོ་ཡུལ་ལྷ་སྨན་མོ་ཆེ༔ འཁོར་བཅས་འདིར་གཤེགས་བསང་མཆོད་བཞེས༔ ཅི་བཅོལ་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སྔགས་བཙུན་དྷཱ་ཛའི་མཚན་ཅན་བསྟན་ཉག་རྒྱལ་མཚན་མིང་གིས་སོ། །
  • ལེ་ཚན་སྔོན་མ།:བསང་།
  • ལེ་ཚན་རྗེས་མ།:ཡིད་ལྷུང་ལྷ་མཚོའི་བསང་མཆོད།