བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར་བསྐྱར་དུ་གླེང་བ།

འཇའ་མོ་དར་རྒྱས།        2015-07-14

བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར་བསྐྱར་དུ་གླེང་བ།

                           གླེང་གཞི།
གོ་ལ་ཟླུམ་པོའི་ཡང་རྩེ་རུ་ཤེས་རིག་གི་འོད་སྟོང་ཕྱོགས་བཞིར་འཕྲོ་བའི་བོད་གངས་ཅན་གྱི་ལྗོངས་འདིར་གནའ་སྔ་མོ་ནས་བཟུང་རྒྱུན་རིང་ཞིང་མི་རིགས་གཞན་ལ་མེད་པའི་ཁྱད་འཕགས་ཅན་གྱི་དམངས་སྲོལ་རིག་གནས་མང་པོ་ཞིག་ཡོད་ལ།དེ་དག་ཐམས་ཅད་ཡུན་རིང་གི་འཚོ་བའི་ཁྲོད་བྱུང་བ་ཞིག་ཡིན་པས།ལབ་ཙེ་རིག་གནས་ཀྱང་ཚུལ་དེ་ལས་མ་འདས་པར་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།བོད་མི་རིགས་གདོད་མའི་སྤྱི་ཚོགས་ནས་ད་ལྟའི་བར་ཇི་ལྟར་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་དང་།བསམ་བློའི་གནས་ཚུལ།འཚོ་བའི་དཔེ་རིས་སོགས་གསལ་བོར་སྟོན་པའི་བདེན་དཔང་ལྟ་བུ་ཡིན་ལ།བོད་མི་དམངས་ཀྱི་རིན་ཐང་གི་ལྟ་བ་དང་།ཀུན་སྤྱོད་འདུ་ཤེས་ཀྱི་བསམ་བློའི་འཆར་སྒོ་བཅས་ཀྱང་མངོན་པར་མཚོན་ཐུབ་པས།འདིར་བདག་གིས་ཀྱང་བོད་ཀྱི་ལབ་ཙེ་རིག་གནས་སྐོར་རང་བློས་དཔོག་ཚོད་ཀྱིས་རགས་ཙམ་གླེང་བར་འདོད་དེ། 
                     དང་པོ།  ལབ་ཙེ་རིག་གནས་བྱུང་འཕེལ་གྱི་སྐོར།
     དེང་སྐབས་ང་ཚོའི་འཚོ་བའི་ཁྲོད་ལབ་ཙེ་རིག་གནས་འདི་འདྲའི་དར་རྒྱ་ཆེ་ཞིང་གཙིགས་སུ་འཛིན་བཞིན་པ་འདི་ལས་ལབ་ཙེ་བསྟོད་པ་འདི་ལ་ཡུན་རིང་ལོ་རྒྱུས་ཀྱི་ས་ཡུན་ངེས་ཅན་ཞིག་ལྡན་པ་དང་།དངོས་ཡོད་འཚོ་བའི་ཁྲོད་ཕྱི་རོལ་ཡུལ་གྱི་བསམ་བློའི་ཚུར་སྣང་ལས་བྱུང་བའི་མི་རིགས་འདིའི་བསམ་བློའི་རིག་གནས་དང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཅིག་ཡིན་པའང་ཤེས་ཐུབ།དེས་ན་ལབ་ཙེ་ཞེས་པ་ནི《བོད་མིའི་ཡུལ་སྲོལ་གོམས་གཤིས》ལས་རི་མཐོ་ས་ལ་ལྷ་གསོལ་བྱེད་དུ་བཞེངས་པའི་རྡོ་སྤུངས་དང་དར་ལྕོགམདའ་ཤིང་སོགས་ལྡན་པ་ཞིག་ལ་ཟེར་ཞེས་དང་།ཡང་《དག་ཡིག་གསར་བསྒྲིགས》ལས་རི་རྩེ་དང་ཉག་གར་ཤིང་གི་མདའ་མདུང་སོགས་བསླངས་པའི་ལྷ་ཐོ་ཞིག་གི་མིང་ཞེས་འགྲེལ་འདུག་པ་ལས་གཞན་ལབ་ཙེའི་མིང་གཞན་ལ་གསས་མཁར་རམ་དཔའ་མཁར་ཞེས་འབོད་པའང་ཡོད།ལབ་ཙེ་ཞེས་པའི་དོན་ནི་གཞི་བདག་གི་ཕོ་བྲང་ངམ་ཡུལ་ལྷའི་ཕོ་བྲང་ཡིན་ལ།ལབ་ཙེའམ་ལ་བཙས།ལ་རྩེ་ཞེས་འབྲི་ཚུལ་ཡང་ཡོད།དེ་ཡང་ལབ་ཙེ་ཐོག་མར་ཇི་ལྟར་བྱུང་བའི་ཐད་ལ་བཞེད་པ་མི་མཐུན་པ་མང་པོ་འདུག་སྟེ།དེ་བདག་ལྟ་བུ་ཤེས་ཡོན་གྱིས་དབེན་པ་ཞིག་གིས་བློ་རིག་པའི་ལམ་ནས་བྲི་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་པས་འདིར་མཁས་པ་གཞན་གྱི་ལབ་ཙེའི་བྱུང་འཕེལ་སྐོར་གྱི་བཤད་པ་འགའ་བཀོད་ན།《བོད་མིའི་ཡུལ་སྲོལ་གོམས་གཤིས》ཞེས་པ་ལས་ལབ་ཙེ་ནི་བོད་ཀྱི་གནའ་སྔ་མོའི་འགྲིམ་འགྲུལ་དང་འབྲེལ་བ་དམ་པོ་ཡོད་དེ་བོད་མི་གནས་སྡོད་བྱ་ཡུལ་གྱི་ས་ཁུལ་མང་ཆེ་བ་ནི་ས་མཐོ་ཞིང་རི་བོ་མང་བའི་ཁར་གནའ་བོའི་དུས་སུ་འགྲིམ་འགྲུལ་གྱི་ཆ་རྐྱེན་གཙོ་བོ་རྟ་དྲེལ་དང་མཛོ་གཡག་ཁོ་ནར་བརྟེན་དགོས་ཤིང་མི་མང་ཆེ་བ་ནི་རྐང་ཐང་ཁོ་ནར་འགྲོ་དགོས་རྐྱེན།ལ་རྒྱག་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད།དེར་བརྟེན་ལ་རི་བརྒལ་ཚར་དུས་ལམ་སྐྱོད་ཀྱི་དཀའ་བ་གཅིག་བཅད་ཚར་བར་བརྩིས་ནས་ལ་ཡི་རྩེ་ལ་ཁྲལ་མཚོན་ཚུལ་དུ་རྡོ་གསར་རེ་བསྒྲུགས་ནས་དེའི་སྟེང་རང་གི་བཟའ་ཆས་གཙང་མ་ཕྲན་བུ་སྤུངས་ཏེ་འཇོག་སྲོལ་ཡོད།དེ་ལྟར་བྱེད་དོན་ནི་གཅིག་ནས་ལ་དེ་བདེ་གྲོལ་ངང་རྒྱག་ཐུབ་པར་རྟེན་འབྲེལ་དང་།གཉིས་ནས་ཟས་ཀྱིས་དབེན་པའི་ཐག་རིང་གི་འགྲུལ་བ་རྣམས་ལ་སྨན་པའི་དགེ་སེམས་བླ་ན་མེད་པ་ཞིག་ཡིན་རུང་།ཕྱིས་སུ་དེ་འཕོ་འགྱུར་བྱུང་ནས་རིམ་པས་རྡོ་ཕུང་ཆེན་པོ་ཆགས་ནས་དེའི་ཐོག་དར་ལྕོག་སོགས་བཙུགས་ཏེ་ལྷ་གསོལ་བའི་སྲོལ་ཞིག་ཆགས་པ་རེད་ཅེས་གསུངས་ཡོད།ཡང་མཁས་པ་ལ་ལ་དང་ལོ་རྒྱུས་དཔེ་དེབ་འགའ་ལས་ལབ་ཙེ་ནི་དུར་འདེབས་ལ་འབྲེལ་བ་ཡོད་ཟེར།ཅིའི་ཕྱིར་ཞེ་ན་བོད་ཀྱི་ལོ་རྒྱུས་དག་ཏུ་བཙན་པོའམ་རྒྱལ་པོ་བཞུགས་སའི་དབུ་གུར་སོགས་ཀྱི་མཐའ་རུ་མདའ་དང་མདུང་མང་པོ་འཛུགས་པ་དང་།གཞན་དགྲ་འདུལ་གཉེན་སྐྱོང་གི་དཔའ་བོ་ཞིག་ཚེ་ལས་འདས་པའི་ཚེ་ནའང་བཙན་པོའི་བང་སོ་བརྩིགས་སྲོལ་བཞིན་དཔའ་བོ་དེ་ལ་བཀའ་དྲིན་དང་གཟེངས་བསྟོད་རྗེས་དྲན་གྱི་རྟེན་དུ་གཤིན་པོའི་བེམ་པོའི་སྟེང་ས་མཐོན་པོར་སྤུངས་ནས་དེའི་སྟེང་མདའ་མདུང་དང་ལྡ་ལྡི་མང་པོ་འཛུགས་པའི་སྲོལ་ཡོད་པ་དེ་ལས་ཀྱང་ཤེས་ཐུབ།དེ་ལྟར་འབྲེལ་བ་ཡོད་པ་དང་སྲོལ་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་སུ“དུར་གཤེན་མཚོན་ཆ་ཅན”ཞེས་པས་ཀྱང་ཤེས་ཐུབ།ད་དུང་དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ན་ལབ་ཙེ་ཡི་ཐོག་མ་ནི་བོད་རང་གིས་གནའ་སྔ་མོར་རྒྱལ་མཚམས་དང་སྡེ་བ་ཚོ་བའི་བར་ས་མཚམས་དབྱེ་བྱེད་དུ་བཙུགས་པའི་རྟགས་དེར་རིམ་བཞིན་འཕོ་འགྱུར་བྱུང་ནས་ད་ལྟའི་ལབ་ཙེ་འདི་བྱུང་བ་ཡིན་ཞེས་ཀྱང་བཤད་སྲོལ་འདུག་སྟེ།དེ་དག་ལས་བོད་ཀྱི་ལབ་ཙེ་འདི་ནི་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་བྱུང་བ་ཞིག་མིན་པར་བོད་ཀྱི་སྤྱི་ཚོགས་འཚོ་བའི་ནང་གོ་རིམ་ངེས་ཅན་ཞིག་དང་བསམ་བློའི་འདུ་ཤེས་མཐོན་པོ་ཞིག་བརྒྱུད་དེ་བྱུང་བ་ཤེས་ཐུབ་པ་མ་ཟད།ལབ་ཙེ་འདི་གནའ་སྔ་མོ་ནས་བྱུང་ཡོད་པའང་རྟོགས་ཐུབ་ལ།བྱུང་མ་ཐག་ཏུ་ཆོས་ལུགས་ཀྱི་ཆོ་ག་ཞིག་མིན་པར་མིའི་བསམ་བློ་དང་ཁོར་ཡུག་ལ་འཕེལ་འགྱུར་བྱུང་ནས་རིམ་བཞིན་ད་ལྟ་བོད་མི་རིགས་ཀྱིས་གཙིགས་ཆེན་དུ་འཛིན་པའི་ཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱེད་པའི་སྲོལ་ཞིག་ཏུ་གྱུར་བའང་ཤེས་ཐུབ།
                               གཉིས་པ།  ལབ་ཙེའི་རིགས་ཀྱི་དབྱེ་བ།
    སྤྱི་ཚོགས་ཁོར་ཡུག་ལ་འགྱུར་ལྡོག་དང་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས།ལབ་ཙེ་བསྟོད་པའི་དམིགས་ཡུལ་ཡང་འགྱུར་ནས་མི་རྣམས་ཀྱིས་ལས་བགོས་མི་འདྲ་བའི་སྒོ་ནས་རང་རང་གི་ཕུགས་འདུན་ལྟར་ལབ་ཙེ་བསྟོད་སའི་གནས་ལའང་ཁྱད་པར་ཕྱེ་ནས་ཀྱེ་ཏུ་དང་།ལབ་ཙེ།དཔའ་མཁར་བཅས་རིགས་གསུམ་དུ་བཀར་ཡོད་ལ།ཀྱེ་ཏུ་ཞེས་པ་རི་མགོ་དང་།ལབ་ཙེ་རི་སྐེད།དཔའ་མཁར་རི་འདབས་སུ་བརྩིགས་པའི་སྲོལ་བྱུང་བ་རེད།ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི《ལབ་ཙེ་མཆོད་མཆོག》ཏུའང་བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་།འཕན་པའི་ལབ་ཙེ་རི་ཡི་ཁལ་ཁ་སྟེ།ཕྱུག་པའི་ལབ་ཙེ་རི་ཤོལ་ཀློང་དུ་བརྩིགས་ཞེས་པ་ལས་ཀྱང་ལབ་ཙེ་ལ་རིགས་མང་བ་ཤེས་ཐུབ་ལ།དེ་ནི་མི་རྣམས་ཀྱིས་རང་རང་གི་བགེགས་བར་ཆད་སེལ་བ་དང་།ལོ་ལེགས་འབྱུང་བ།སྦྲུམ་མར་བུ་སྐྱེས་པ།བསམ་དོན་འགྲུབ་པ་སོགས་ཀྱི་དམིགས་ཡུལ་མི་འདྲ་བའི་དབང་གིས་ལབ་ཙེ་ལའང་རིགས་མི་འདྲ་བ་མང་པོ་བྱུང་བ་རེད།
                                  གསུམ་པ།    ལབ་ཙེ་བསྟོད་ལུགས།
      དེ་ཡང་ལབ་ཙེ་བསྟོད་སའི་གནས་ལ་ཁྱད་པར་ཡོད་པ་ལས་ལབ་ཙེ་བསྟོད་ཚུལ་གྱི་སྟེང་ནས་གཅིག་མཚུངས་ཡིན་ཏེ།ལབ་ཙེ་བསྟོད་པའི་ཉིན་དེར་ལབ་ཙེ་བསྟོད་མཁན་རྣམས་ཀྱིས་རང་ལུས་གཙང་མར་བྱས་ཏེ་གོན་པ་གསར་བ་གྱོན་ཤིང་སྔ་མོ་ནས་ལངས་ཏེ་མདའ་ཤིང་དང་།དར་ལྕོགབསང་རྫས་སོགས་ཁྱེར་ཏེ་བསྟོད་པར་འགྲོ་བ་ཡིན།ས་ཆ་ལ་ལར་ལབ་ཙེ་བསྟོད་པའི་ཉིན་དེར་ཡུལ་དེའི་སྐྱེ་བོ་རྒན་གཞོན་ཕོ་མོ་ཐམས་ཅད་འཛོམས་ཏེ་ཉིན་གང་བོར་ཟས་གང་ཞིམ་གང་བཟང་བཟའ་ཞོར་གླུ་དང་གར་ལ་རོལ་ནས་སྤྲོ་གསེང་གཏོང་བའི་སྲོལ་ཡོད།(དཔེར་ན་རེབ་གོང་རྒྱ་བོ་རླངས་ཚང་གིས་སྟག་ལུང་ལབ་ཙེ་བསྟོད་སྐབས་འདི་ལྟར་བྱེད)ལབ་ཙེ་བསྟོད་སྐབས་བསང་ཕུད་དུང་འབུད་དང་རླུང་རྟ་སྤུར་བ།བསང་བསྔོས་ཏེ་མདའ་བསྟོད་ཞོར་དུ་རང་གིས་དད་པའི་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མར་གསོལ་བ་བཏབ་ནས་ལོ་ཕྱུགས་ལེགས་ཤིང་འཚོ་བ་བདེ་ཞིང་སྐྱིད་པ།འཚེ་བ་མི་ཡོང་བ།དགྲ་འགོག་གཉེན་སྐྱོང་སོགས་ལ་གྲོགས་བྱེད་པའི་སྐྱབས་འཇུག་ཞུ་བ་མ་ཟད་ལྷ་རྒྱལ་ལོ་དང་བཅས་པའི་ཀི་སྒྲ་དང་བསྡེབས་ཏེ་ལབ་ཙེ་ལ་རྨུ་ཐག་འཐེན་པ་དང་།རྨུ་ཐག་ནི་བལ་ཐག་གི་མཚམས་རེར་མདུད་པ་དང་བལ་གྱི་ཙོར་ལོ་སྤྲད་པ་ཞིག་ཡིན།བཤད་སྲོལ་ལྟར་ན་ལབ་ཙེར་རྨུ་ཐག་འཐེན་པ་ནི་དེར་གནས་པའི་གཞི་བདག་རྣམས་ལྷ་ཡུལ་དང་མི་ཡུལ་དུ་བགྲོད་བྱེད་ཀྱི་ཐེམ་སྐས་ཡིན་པར་བཤད་ལ་དུར་འདེབས་བྱེད་སྐབས་ཀྱང་རྨུ་ཐག་འཐེན་པའི་སྲོལ་ཡོད།《རྒྱལ་རབས་གསལ་བའི་མེ་ལོང》ལས།གནམ་གྱི་ཁྲི་བདུན་དེ་སྲས་རྣམས་ཀྱིས་ཆིབས་ཁ་ཐུབ་ཙ་ན་རིམ་པ་བཞིན་རྨུ་ཐག་ལ་འཇུས་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འགྲོ་ཞེས་དང་།《ཆོས་འབྱུང་མཁས་དགའ》ལས།དར་ནག་གི་ཐོད་དང་ཝ་རོ་དང་ཁྱི་རོས་རྗེའི་མགུར་ལྷ་དང་དགྲ་ལྷ་ཕོ་ལྷ་གསུམ་པོ་ཡལ།།རལ་གྲི་བསྐོར་བས་རྨུ་ཐག་རྨུ་སྐས་ཆད།།ལོ་ངམ་གྱིས་དཔྲལ་བའི་མེ་ལོང་ལ་མདའ་འཕངས་ནས་བཀྲོངས་སྐད༎་་་་་་་་་་་་།།ཟངས་ཀྱི་གའུར་སྤུར་བཅུག་ལྕགས་གཟེར་བཏབ།།ཉང་ཆུ་སྐྱ་མོའི་ནང་དུ་བོར་བར་གྱུར༎ཞེས་པ་ལས་ཀྱང་རྨུ་ཐག་ནི་གནམ་ལ་འགྲོ་བྱེད་ཀྱི་ཐེམ་སྐས་ལྟ་བུ་ཞིག་ཡིན་པ་རྟོགས་ཐུབ།དེ་བཞིན་ལབ་ཙེ་བསྟད་ཚར་རྗེས་བླ་མའམ་དགེ་འདུན་པ།སྔགས་པ་གང་རུང་ཞིག་གིས་ལབ་ཙེར་རབ་གནས་བྱས་ཏེ་དེར་གནས་པའི་གཞི་བདག་རྣམས་ལ་མཆོད་ཅིང་གཞི་བདག་རྣམས་མགྲོན་དུ་འབོད་པ་ཡིན།བླ་མ་དཔལ་ལྡན་བཀྲ་ཤིས་ཀྱིས་གསུངས་པའི《ལབ་ཙེ་གཙིགས་གསོས་དབང་བསྟོད་གསལ་སྒྲོན་རྒྱ་མཚོ་ལེགས་པ》ཞེས་པ་ལས་གཞི་བདག་རྣམས་མགྲོན་དུ་འབོད་པ་ལ་སྟོང་གསུམ་སྟོང་གི་འཇིག་རྟེན་དང་།།ཁྱད་པར་འཛམ་བུའི་གླིང་གི་གཞི་བདག་དང་།།ཡང་དགོས་བོད་ཡུལ་མདོ་སྨད་བར་གསུམ་གྱི།།ལྷ་ཀླུ་གཞི་བདག་གཉན་པོ་འཁོར་དང་བཅས།།ཁྱད་པར་ཡུལ་ཕྱོགས་འདི་ན་གནས་པ་ཡི།།ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་རྣམས།།རྣལ་འབྱོར་གདུང་བའི་སེམས་ཀྱིས་སྤྱན་འདྲེན་ན།།རྫུ་འཕྲུལ་ཐོགས་མེད་དབང་གིས་གནས་འདིར་གཤེགས།།་་་་་་་་་་ཞེས་གསུངས་ཡོད་ལ།ཡང་《བསང་མཆོད་བདུད་རྩིའི་མཆོད་ཡོན》ལས།ཨོ་ས་རྦ་བིད་པུ་ར་པུ་ར་་་་་་་་་་་་་།བདག་གི་བསམ་པའི་སྟོབས་དང་་་་་་་་།།འབྱུང་གྱུར་ཅིག།ཀྱེ་རིན་ཆེན་སྣ་ཚོགས་སྤུད་པའི་རི་བོའི་རྩེར།།འཇའ་དང་འོད་ཀྱི་གུར་ཁང་ཡང་ཡང་བཞད།།་་་་་་་་་་་་་་༎བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་།།བདག་ལ་འགོ་བའི་ལྷ་ཀླུ་གཞི་བདག་རྣམས།།འདིར་གཤེགས་རང་རང་དགྱེས་པའི་གདན་ལ་བཞུགས།།ཁྱད་པར་སྡེ་འདིའི་བསྟན་པའི་གཞི་བདག་ཆེ༎བློན་པོ་གསེར་ཅན་བཙན་རྒོད་དྲག་རྩལ་ཅན།།་་་་་་་་་་་་་༎འཁོར་དུ་བཙུན་མོ་སྲས་དང་བློན་པོ་ཚོགས།།སྤྲུལ་བ་ཡང་སྤྲུལ་བྱེ་བའི་ཚོགས་དང་བཅས།།སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ།།ཞེས་གསུངས་ཡོད་པ་ལྟར་རོ།།
                              བཞི་བ།ལབ་ཙེ་ཡི་གྲུབ་ཆ།
      ལབ་ཙེ་ནི་གཙོ་བོ་མདའ་ཤིང་དང་རྩེབ་བརྒྱ་རྨུ་ཐག་བཅས་ཀྱིས་གྲུབ།མདའ་ཤིང་གི་རྩེར་སྤྱིར་ཐིག་ལེ་བཀོད་པའི་ཤིང་སྒྲོ་ཡོད་ཅིང་རལ་གྲི་དང་མདུང་མགོ་ཅན་དུ་བྱས་པའང་ཡོད།དེ་དག་གིས་རུ་དར་གྱི་དོད་བྱས་པ་ཡིན།མདའ་ཤིང་ནི་གསོམ་དཀར་དྲང་ཞིང་གཙང་བ་ཡིན་དགོས་ལ(ད་ལྟ་སྨྱུག་མས་ཚབ་བྱེད་པ་མང་)རིང་ཐུང་སོགས་ནི་མ་ངེས་པར་སྣ་ཚོགས་ཡོད།རིང་བ་ལ་དཔེར་ན་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་མདོ་སྨད་རྡོ་སྦིས་ཡུལ་ནས་ལབ་ཙེ་ཆེན་མོ་བསྟོད་སྐབས་སྡེ་བ་རེ་རེའི་སྤྱི་མདའ་དེ་མ་མཐའ་ཡང་སྐྱེས་པ་ཉི་ཤུ་ནས་སུམ་ཅུས་འཁུར་ཏེ་བསྟོད་དགོས་པ་དེ་ཙམ་དང་།ཐུང་བ་ལ་འདོམ་གང་རེ་ཅན་ཡང་ཡོད།ལབ་ཙེ་གང་ཞིག་ཐོག་མར་བསྟོད་སྐབས་ལབ་ཙེ་བསྟོད་སའི་གནས་དེར་གཏེར་རྒྱག་དགོས་ཤིང་གཏེར་རྫས་ལ་ནས་འབྲས་གྲོ་ཏིལ་ལ་སོགས་པའི་འབྲུ་སྣ་གང་རྙེད་བསགས་པའི་བུམ་པ་དང་།གསེར།དངུལ།མུ་མེན།མུ་ཏིགགཡུ།བྱུ་རུ།དུང་།ཟངས།རག་སོགས་རིན་པོ་ཆེའི་རིགས་ཀྱིས་བསགས་པའི་བུམ་པ།ཇ་མར་དང་ཤ་ཐུད།ཀ་ར།བུ་རམ།སྦྲང་རྩི།ཤིང་ཏོག་སོགས་ཟས་རིགས་ཀྱི་བུམ་པ།ཁྱི་ཕག་དང་བོང་བུ་མ་གཏོགས་པའི་རྟ་ནོར་ལུག་གསུམ་ལ་སོགས་པའི་སེམས་ཅན་གྱི་སྤུ་རྙེད་ཚད་ཙམ་བསགས་པའི་བུམ་པ།གོས་དར་དང་སྨན་སྣའི་རིགས་སོགས་བཀྲ་ཤིས་པའི་རྫས་རྙེད་ཚད་བསགས་པའི་བུམ་པ་སོགས་ཀྱི་མཐའ་རུ་མདའ་མདུང་གྲི་གསུམ་གྱིས་བསྐོར་བ་སོགས་རྒྱལ་པོ་ཞིག་ལ་དགོས་པའི་ཡོ་བྱད་ཚང་དགོས་པ་ཞིག་རེད།
                                ལྔ་པ།ལབ་ཙེ་བསྟོད་པའི་དམིགས་ཡུལ།
      མི་རྣམས་ཀྱི་དད་ཡུལ་མི་འདྲ་བ་དང་སྙེག་ཡུལ་མི་འདྲ་བའི་དབང་གིས་ཆོས་ལུགས་ཀྱང་མི་འདྲ་བ་མང་པོ་ཞིག་བྱུང་ཡོད།དཔེར་ན།སངས་རྒྱས་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས།གནམ་བདག་ཆོས་ལུགས་ཏེ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་ལྟ་བུའོ།།རང་མི་རིགས་འདིར་མཚོན་ནའང་སངས་རྒྱས་ཆོས་ལུགས་དང་བོན་ཆོས་གཉིས་དང་འབྲེལ་ཏེ་ཆོས་ལུགས་ཀྱི་གྲུབ་མཐའ་མང་པོ་ཞིག་བྱུང་བ་མ་ཟད།དད་པ་བྱེད་པའི་ཆོ་ག་ཡང་རྫོགས་མཐའ་བྲལ་བ་ཞིག་ཡོད་པ་ད་ལྟའི་ཆར་ཡང་མིག་མཐོང་ལག་ཟིན་དུ་གྱུར་ཡོད་ཅིང་།དེ་ལྟའི་ཆོས་ལུགས་ཀྱི་ཆོ་ག་དག་ཀྱང་དམིགས་ཡུལ་ཅི་ཡང་མེད་པར་སྒྲུབ་པ་ཞིག་གཏན་ནས་མིན་པར་མི་རྣམས་རང་རང་གི་འདོད་དོན་གང་ཞིག་ཡིད་བཞིན་དུ་འགྲུབ་པའི་ཆེད་ཡིན།དེ་ནང་བཞིན་ད་ལྟ་ང་ཚོས་ལབ་ཙེ་བསྟོད་པ་འདིར་ཡང་དམིགས་ཡུལ་ངེས་ཅན་ཞིག་ཡོད་དེ།ལབ་ཙེར་མཆོད་པ་ནི་ས་དེའི་གཞི་བདག་གམ་ཡུལ་ལྷ་ལ་མཆོད་པ་བྱེད་པ་ཡིན་ཏེ།གཞི་བདག་ནི་འཇིག་རྟེན་པའི་ལྷ་ཡིན་པས་ཚེ་ཕྱི་མའི་དོན་བྱེད་མི་ནུས་མོད་ཚེ་འདིའི་དོན་བྱ་འགྲུབ་པར་གྲོགས་གང་ལེགས་བྱེད་པའི་བཤད་སྲོལ་ཡོད་པས།མི་རྣམས་ཀྱིས་ཚོང་ལས་གཉེར་བའམ་ཁྱིམ་ཚང་གི་དོན་ཆེན་འགྲུབ་པ།ལོ་ལེགས་ཤིང་ཕྱུགས་ལ་འཕེལ་ཁ་རྒྱས་པ།ལྷ་ཀླུའི་གནོད་པ་ལྡོག་པ།ཁ་ལས་རླུང་རྟ་རྒྱས་པ་སོགས་ཀྱི་དོན་བྱ་འགྲུབ་པར་སྡོངས་གྲོགས་མཛད་པར་རེ་བ་འདོན་པ་ཡིན།དེས་ན།ལབ་ཙེ་བསྟོད་པ་ནི་འཇིག་རྟེན་འདིའི་འདོད་དོན་ཁོ་ན་ཙམ་གྱི་ཕྱིར་རམ་རང་ཉིད་ཀྱི་ཁེ་ཕན་འབའ་ཞིག་གི་ཆེད་དུ་ཡིན་ནོ།།
                               མཇུག་གི་གཏམ།
     རང་མི་རིགས་འདི་གནའ་ནས་བཟུང་སྟེ་སྲོལ་རྒྱུན་རིག་གནས་ཀྱི་བང་མཛོད་ལྟ་བུ་ཞིག་ཡིན་ལ།དེ་དག་སོ་སོ་ཆོས་ལུགས་དང་འབྲེལ་བ་དམ་པོ་ཡོད་དེ།ལབ་ཙེ་རིག་གནས་འདི་ཡང་ཆོས་ལུགས་དང་འབྲལ་ཐབས་མེད་པའི་སྲོལ་རྒྱུན་གྱི་རིག་གནས་གལ་ཆེན་ཞིག་ཡིན།དེ་བས་དེང་རབས་ཀྱི་བོད་པ་རྣམས་ཀྱིས་ཕ་མེས་ཡང་མེས་རྣམས་ཀྱིས་བཞག་པའི་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་རྟོགས་དགོས་ཤིང་།དེ་མར་འཐེན་ཉམས་དམས་སུ་མི་གཏོང་བར་རྒྱུན་འཛིན་དང་དར་སྤེལ་གྱིས་སྔར་ལས་ཇེ་བཟང་ཇེ་རྒྱས་སུ་གཏོང་བར་འབད་འབུངས་བྱ་རྒྱུ་མཁྱེན་མཁྱེན།།
 
 
  • ལེ་ཚན་སྔོན་མ།:བོད་ཀྱི་ལབ་ཙེ།
  • ལེ་ཚན་རྗེས་མ།:མི་ཉག་མགར་ཐར་ཡུལ་གྱི་རི་བསང་དང་རྟ་རྒྱུག